རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནི་བོད་ནང་གི་གཏེར་ཁ་སྔོག་འདོན་གྱི་ཁེ་ཕན་སོགས་ཀྱི་ཆེད་དུ་ཡིན་ཞེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༣༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (India International Center) དུ་འཚེ་བ་མེད་པའི་གདམ་གའི་ཐེབས་རྩ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ནས་ (Insights from Tibet: China’s expanding influence and it’s strategic implications for India) ཞེས་རྒྱ་ནག་གི་རྒྱ་སྐྱེད་ཀྱི་སྲིད་བྱུས་དང་དེས་རྒྱ་གར་ལ་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག བགྲོ་གླེང་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལས་རིམ་དེ་བཞིན་གོ་སྒྲིག་ཞུས་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་གཏེར་ཁ་སྔོག་འདོན་དང། ཆུ་རགས་འཛུགས་སྐྲུན། མི་རྣམས་བཙན་དབང་གིས་གནས་སྤོ་བཅུག་བཞིན་པ་སོགས་བོད་ཀྱི་གནད་དོན་དེ་དག་རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གོ་རྟོགས་སྤེལ་ཆེད་དུ་ཡིན་ཞེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བགྲོ་གླེང་དེའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ནས་བོད་དང་འབྲེལ་བའི་གནད་དོན་འདྲ་མིན་ཐོག་གཏམ་བཤད་གནང་ཡོད་པ་ལྟར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ (High-altitude mass relocation in Tibet: A case study on Senburi Relocation Project (2019-2025) ཞེས་རྒྱ་ནག་གཞུང་གིས་ས་ཐག་རིང་པོ་ནས་ཡིན་པའི་བོད་པའི་འབྲོག་པ་རྣམས་བཙན་གྱིས་སྲིན་བུ་རི་ཞེས་པ་ཞིང་ཁ་འདེབས་མི་ཐུབ་སའི་ལུང་ཁུག་ཅིག་ཏུ་གནས་སྤོ་བྱེད་བཅུག་བཞིན་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ནས་ (People’s Daily) དང་ (Lhoka Daily) གཉིས་ལ་གཞིར་བཞག་གིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ནས ༢༠༢༢ བར་ཁྱོན་འབྲོག་པ་ ༣༠༣༦༢ སྲིན་པོ་རི་ས་གནས་སུ་གནས་སྤོ་བྱས་ཟིན་ཡོད་ཅིང་། བཙན་པོས་གནས་སྤོ་འཇུག་དགོས་དོན་ནི་གཙོ་བོ་བོད་མི་རྣམས་ལ་ལྟ་རྟོག་བྱེད་ཆེད་དང། བོད་ཀྱི་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་ཆེད་ཡིན་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། (Socio-Environmental Impact of Mining in Tibet) ཞེས་གཏེར་ཁ་སྔོག་འདོན་ལ་བརྟེན་ནས་བོད་ནང་གི་སྤྱི་ཚོགས་དང་ཁོར་ཡུག་ལ་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྐབས། བོད་ནི་འཛམ་གླིང་ནང་གི་ཟངས་དང་ལི་ཐི་ཡམ་སོགས་ཀྱི་གཏེར་ཁ་འབྱུང་ཁུངས་ཆེ་ཤོས་ཤིག་ཡིན་པས། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནི་བོད་ནང་གི་གཏེར་ཁ་སྔོག་འདོན་གྱི་ཁེ་ཕན་སོགས་ཀྱི་ཆེད་དུ་ཡིན་ཞིང་། བོད་བཙན་བཟུང་རྗེས་རྒྱ་ནག་གཞུང་གིས་གཙོ་བོ་བོད་ནང་གཏེར་ཁ་སྔོག་འདོན་དང་ཡུལ་སྐོར་སྤྲོ་འཆམ་གཉིས་ལ་དམིགས་ཡོད་པ་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མི་རྣམས་བཙན་གྱིས་གནས་སྤོ་དང་། དགོན་སྡེ་ཁག་གཏོར་བཤིག་གཏོང་བཞིན་པར་བོད་མི་རྣམས་ནས་བསྟུད་མར་ངོ་རྒོལ་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་བགྲོ་གླེང་གཏམ་བཤད་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས། (China’s Green Energy Ambitions: Transforming Tibet into a Hydropower Hub) ཞེས་རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་ལ་གནོད་པ་ཉུང་བའི་ནུས་ཤུགས་ (Green Energy) ཅན་གྱི་བོད་ཡུལ་ཞིག་ཏུ་བསྒྱུར་རྒྱུའི་སྲིད་བྱུས་སྐོར་གཏམ་བཤད་གནང་བའི་སྐབས་ཁོང་གིས། བོད་ནི་ཨེ་ཤེ་ཡའི་གཙང་ཆུ་མང་པོའི་འབྱུང་ཁུངས་ཡིན་པ་དང་། བོད་ནང་རྒྱ་ནག་གཞུང་གིས་གློག་ཁང་ཆུ་རགས ༡༩༣ ལྷག་འཛུགས་སྐྲུན་བྱས་དང་བྱེད་མུས་ཡིན་པའི་ཁྲོད། མེ་ཏོག་རྫོང་དུ་རྒྱག་འཆར་ཡོད་པའི་ཆུ་རགས་ནི་འཛམ་གླིང་ནང་གི་ཆུ་ཤུགས་གློག་འདོན་བཟོ་གྲྭ་ཆེ་ཤོས་ཞིག་ཏུ་བཟོ་རྒྱུའི་འཆར་གཞིའི་འོག རྒྱ་གཞུང་གིས་ཉེ་འཁོར་གནས་སྡོད་བོད་མི་ ༢༤༢༡༧ བཙན་དབང་གིས་གནས་སྤོ་བཅུག་པ་དེས་ས་གནས་ཀྱི་རིག་གཞུང་རྩ་གཏོར་ཙམ་མིན་པར། ས་ཁུལ་དེའི་ཉེ་འགྲམ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུའང་ས་ཡོམ་གྱི་གནོད་འཚེ་འབྱུང་ཉེན་ཆེ་བ་ཡོད་སྐོར་གསུངས་སོང་།
རྩ་བའི་ཐེངས་འདིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་ནག་གི་རྒྱ་སྐྱེད་ཀྱི་སྲིད་བྱུས་དང་དེས་རྒྱ་གར་ལ་ཤུགས་རྐྱེན་ཞེས་པའི་བགྲོ་གླེང་དེའི་ཐོག རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཟུར་པ་དི་ལིབ་སིན་ཧ་ (Dilip Sinha) ལགས་ཀྱིས་གཙོས་པའི། ཟུར་ཉན་པ་རྒྱ་གར་བ་ཁྱོན་བརྒྱ་ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།