རྒྱ་གར་སྲིད་བློན་མོ་དྷི་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཡོད་པ།
2015.09.05

གཟའ་སྤེན་པའི་ཉིན་རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་མཆོག་ ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་ཆེན་རྡོ་རྗེ་གདན་དུ་འཚམས་གཟིགས་གནང་འདུག་པ་དང་། ཁོང་གིས་རྒྱ་གར་གཞུང་གི་ངོས་ནས་གནས་མཆོག་རྡོ་རྗེ་གདན་འདི་འཛམ་གླིང་ནང་པ་ཡོངས་ཀྱི་ཆོས་ཕྱོགས་ཀྱི་རྒྱལ་ས་ཞིག་ཆགས་རྒྱུར་འཛུགས་བསྐྲུན་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་གསུངས་འདུག། རྒྱ་གར་གྱི་སྲིད་བློན་མཆོག་འདས་པའི་ཉིན་གྲངས་གསུམ་རིང་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་འདུའི་མཇུག་སྡོམ་གྱི་ཐོག་གསུང་བཤད་གནང་པའི་ནང་། ང་ཚོ་གནས་མཆོག་རྡོ་རྗེ་གདན་དུ་མཉམ་འཛོམས་གནང་ཡོད་ཅིང་། གནས་འདི་ནི་འགྲོ་བ་མིའི་ལོ་རྒྱུས་ཐོག་གཟེངས་སུ་ཐོན་པའི་གནས་ཤིག་ཡིན་པ་གསུངས་འདུག། སྐུ་ཞབས་མོ་དྷིའི་གོང་གནས་ཆེན་རྡོ་རྗེ་གདན་དུ་ཕེབས་མཁན་རྒྱ་གར་གྱི་སྲིད་བློན་གཉིས་ལས་བྱུང་མེད་ཅིང་། དེ་གཉིས་ནི་རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུ་དང་དེ་ནས་ཨ་ཏལ་བི་ཧ་རི་བཇ་པཡི་རྣམ་གཉིས་ཡིན་པ་རེད།
རྒྱ་གར་གྱི་སྲིད་བློན་མི་དྷིས་ནང་པའི་ཡུལ་གྲུ་འདྲ་མིན་ནས་སྐུ་ཚབ་ཡོད་པའི་ཚོགས་འདུ་དེའི་ཐོག། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཛམ་གླིང་འདིར་བླང་དོར་གྱི་ལམ་ཚང་ལ་མ་ནོར་བ་ཞིག་སྟོན་གནང་ཡོད་ལ། ཁོང་ནི་ཉེ་རིང་མེད་པའི་སློབ་དཔོན་ཆེན་པོ་ཞིག་ཀྱང་རེད་ཅེས་གསུངས་པ་དང་། ད་དུང་ཁོང་གིས་ང་སྒེར་གྱི་ངོས་ནས་རྒྱ་གར་འདི་བཞིན་ནང་པའི་རྒྱ་གར་ཞེས་འབོད་འདོད་འདུག་ཅེས་གསུངས་འདུག།
དེ་རིང་ག་ཡའི་གནམ་ཐང་དུ་ཕེབས་འབྱོར་བྱུང་མ་ཐག་ཁོང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་གནས་གཟིགས་སུ་ཕེབས་པ་དང་། དེ་རྗེས་བྱང་ཆུབ་ཤིང་དྲུང་གི་འོག་བཞུགས་ཏེ་ནང་པའི་རྒྱལ་ཁབ་འདྲ་མིན་ནས་ཆེད་བཅར་ཞུས་པའི་དགེ་ཚུལ་སློང་དང་དེ་མིན་གྱི་སྐུ་ཚབ་འཐུས་མི་ལྷན་ཞུགས་ཀྱི་ཐོག་ནས་ཐུགས་སྨོན་གསོལ་འདེབས་གནང་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།