ཞི་ཅིན་ཕིང་བོད་ལ་འབྱོར་བ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་ས་མཚམས་རྩོད་རྙོག་དང་འབྲེལ་བའི་ཐབས་བྱུས་ཏིང་རྒྱུའི་ཆེད་དུ་ཡིན་པ། ཉམས་ཞིབ་པས།

2021.07.23
ཞི་ཅིན་ཕིང་བོད་ལ་འབྱོར་བ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་ས་མཚམས་རྩོད་རྙོག་དང་འབྲེལ་བའི་ཐབས་བྱུས་ཏིང་རྒྱུའི་ཆེད་དུ་ཡིན་པ། ཉམས་ཞིབ་པས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ལ་བརྟག་ཞིབ་ཏུ་སླེབས་ཏེ་ཉིང་ཁྲི་ནང་། ༧།༢༡།༢༡
China Daily

རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་པའི་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་དེ་བཞིན་དེ་སྔོན་སྤྱི་ཟླ་དྲུག་པའི་ཚེས ༢༥ ཉིན་དངོས་སུ་ཤར་གཏོང་བྱས་འགོ་ཚུགས་པའི་རྗེས། སྤྱི་ཟླ་༧པའི་ཚེས་༢༢ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ལ་བརྟག་ཞིབ་ཏུ་སླེབས་ཏེ་ཉིང་ཁྲི་ནས་མེ་འཁོར་བརྒྱུད་ལྷ་སར་འབྱོར་འདུག་པ་དང་། མགྱོགས་ཚད་མྱུར་བའི་མེ་འཁོར་ལྕགས་ལམ་དེ་ལྷ་ས་ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་དང་ས་འབྲེལ་ཆགས་པའི་བོད་ཀྱི་ས་ཁུལ་སྣང་རྫོང་དང་། རྒྱ་ཚ་རྫོང་། སྨན་གླིང་རྫོང་བརྒྱུད་ཉིང་ཁྲི་གྲོང་ཁུལ་དུ་འབྱོར་གྱི་ཡོད་འདུག་ཅིང་། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དམག་དོན་ཉམས་ཞིབ་ལྟེ་གནང་ཁང་(CLAWS)གི་འགན་འཛིན་ཟུར་པ་དང་རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་General Dhruv Katoch ལགས་ཀྱིས། ཞི་ཅིན་ཕིང་བོད་དུ་འབྱོར་བ་དེ་བོད་མིའི་འཚོ་བའི་གནས་སྟངས་ཐད་བརྟག་ཞིབ་ཆེད་དུ་སླེབས་ཡོད་པ་བཤད་ཀྱི་ཡོད་ཀྱང་། དེ་ལས་གལ་ཆེ་བ་ཞིག་ནི་ཁོང་ཉིང་ཁྲི་ནས་མེ་འཁོར་བརྒྱུད་ལྷ་སར་འགྲོ་བའི་སྐབས་མེ་འཁོར་ལྕགས་ལམ་དེའི་གལ་གནད་སྐོར་བརྟག་ཞིབ་བྱས་ཡོད། དེ་ནི་དམག་གི་ཐབས་བྱུས་ཀྱི་ཐོག་ནས་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད། ལྷ་ཉིང་མེ་འཁོར་ལྕགས་ལམ་དེ་འཛུགས་སྐྲུན་བྱས་པའི་རྒྱུ་མཚན་ལ་བརྟེན་ནས། ལྷ་ས་དང་ཁྲིན་ཏུ་བར་གྱི་འགྲུལ་བཞུད་ཀྱི་དུས་ཡུན་ཆུ་ཚོད་༡༣ ཉུང་དུ་ཕྱིན་ཡོད་པ་དང་། ཁྲིན་ཏུ་ནི་རྒྱ་ནག་གི་དམག་སྡེའི་གཙོ་གནད་ཤིག་ཡིན། དེར་བརྟེན། ལྕགས་ལམ་དེ་འཛུགས་སྐྲུན་བྱས་པའི་བརྒྱུད་དུས་ཚོད་ཐུང་ངུ་ཞིག་གི་ནང་ས་མཚམས་ཁུལ་དུ་དམིག་མི་དང་གོ་མཚོན་འབོར་ཆེན་འོར་འདྲེན་བྱེད་ཐུབ། མདོར་ན། ལྕགས་ལམ་དེ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་རྒྱ་ནག་གི་ས་མཚམས་དང་འབྲེལ་བའི་དམག་གི་ནུས་སྟོབས་ཐད་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་ཅེས་འགྲེལ་བརྗོད་གནང་སོང་།

མེ་འཁོར་ལྕགས་ལམ་དེ་ནི་ཧ་ཅང་གི་མགྱོགས་ཚད་མྱུར་བས། ལྷ་ས་ནས་ཉིང་ཁྲི་བར་རྒྱང་ཐག་སྤྱི་ལེ་༤༣༥.༤༨ ཡོད་ཀྱང་ལྷ་ས་ནས་ཉིང་ཁྲི་བར་ཆུ་ཚོད ༣ དང་སྐར་མ ༢༩ ལས་དགོས་ཀྱི་མེད་པ་རེད་འདུག  ཡང་གནས་ཚུལ་འདིའི་ཐད་ཨེ་ཤེ་ཡ་དང་ཐའེ་ཝན་ཉམས་ཞིབ་ལྟེ་གནས་ཁང་(Taiwan Asia Exchange Foundation)གི་ཉམས་ཞིབ་པ་Sana Hashmi ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་མིན་ལ་མ་ལྟོས་པར། ད་རེས་ཞི་ཅིན་ཕིང་བོད་ལ་འབྱོར་བའི་སྐབས་བོད་མི་་ཚོར་དམ་དྲག་བྱེད་སྟངས་ལ་བལྟས་པ་ཡིན་ན། རྒྱ་ནག་གཞུང་དང་བོད་ནང་གི་བོད་མིའི་དབར་གྱི་འབྲེལ་ལམ་ལ་ཕུགས་བརྟན་མེད་པ་དང་བདེ་འཇགས་མེད་པ་མ་ཟད། ཕུན་ཚུན་ཡིད་ཆེས་མེད་པ་གསལ་པོ་རེད་འདུག་ཅེས་འགྲེལ་བརྗོད་གནང་སོང་ལ། ད་དུང་ཞི་ཅིན་ཕིང་བོད་དུ་བརྟག་ཞིབ་ཏུ་སླེབས་པ་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཟེར་བ་མཉམ་རུབ་ཀྱི་ཐོག་ནས་སྲུང་བརྩི་ཞུས་ཀྱི་ཡོད་ལུགས་སོགས་ཁྱབ་བསྒྲགས་བྱས་པ་ནི་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་དྲིལ་བསྒྲགས་ཀྱི་དུམ་བུ་་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

ཡང་གོང་གིས་གནད་དོན་དབྱེས་ཞིབ་པ་ཚོས་རྒྱ་གར་ངོས་ནས་རྒྱ་ནག་ནང་བཞིན་ས་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་སྤེལ་དགོས་གལ་ཆེ་བའི་སྐོར་འགྲེལ་བརྗོད་བྱེད་ཀྱི་འདུག་ལ། བོད་ཀྱི་གནད་དོན་ནི་བོད་གཅིག་པུའི་གནད་དོན་ཞིག་མིན་པར་བོད་ནང་གནས་ཚུལ་གང་ལྷག་པ་ཡིན་ན་ཡང། ཤུགས་རྐྱེན་ཆེ་ཤོས་དེ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་སྤྲོད་ཀྱི་ཡོད་པ་བརྗོད་ཀྱི་འདུག་ཅིང་། རྒྱ་གར་གྱི་ཉམས་ཞིབ་པ་དང་དམག་དཔོན་ཟུར་པ་སྐུ་ཞབས་Vinayak Bhat ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཞི་ཅིན་ཕིང་ད་རེས་རྩོད་རྙོག་ཆེ་བའི་བོད་ཀྱི་ས་མཚམས་ཁུལ་དུ་སླེབས་པ་དེས་རྒྱ་གར་ལ་བརྡ་ལེན་ཞིག་སྤྲད་ཡོད་པ་དང་། རིང་མིན་རྒྱ་གར་ངོས་ནས་ཀྱང་དེར་ལན་འདེབས་བྱེད་ཀྱི་རེད་ལ། དེ་ནི་རྒྱ་གར་གྱི་དོ་སྣང་བྱེད་ཡུལ་གྱི་གནད་དོན་ཞིག་ཀྱང་ཡིན། རྩ་བའི་ཨ་རུ་ནཱ་ཅལ་དང་ཉིང་ཁྲི་བར་རྒྱང་ཐག་སྤྱི་ལི་༡༦༠ ཙམ་ལས་མེད་པས། ད་ལྟའི་དུས་ཚིགས་འདིར་ཁོང་རྕོད་རྙོག་ཅན་གྱི་ས་ཁུལ་ཏེ་རྒྱ་གར་ཨ་རུ་ནཱ་ཅལ་ཉེ་འཁྲིས་སུ་མ་སླེབས་ན་བསམ་གྱི་ཞེས་འགྲེལ་བརྗོད་གནང་སོང་།

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎