རྒྱ་གར་བས་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ།
2015.01.14
རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་བོད་ཀྱི་གནད་དོན་གོ་རྟོཊ་ཁྱབ་སྤེལ་སླད་རྒྱ་གར་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག
དེ་ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་༢༥འཁོར་བའི་དུས་ཚེས་ལ་རྗེས་དྲན་ཞུ་བ་དང་ཆབས་ཅིག་བོད་ཀྱི་གནད་དོན་ལ་གོ་རྟོགས་ཁྱབ་སྤེལ་སླད་རྒྱ་གར་མངའ་སྡེ་ཁག་གཅིག་ནང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་ཡོད་པ་དང་། སྐུ་ཞབས་Sandesh Meshramའམ་བོད་མིང་ལ་བསམ་གཏན་ཡེ་ཤེས་ཞུ་བའི་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་བ་ཞིག་ནས་ཉེ་སྔོན་ཕྱི་ཚེས་༡༠ཉིན་ཁོང་བཞུགས་ཡུལ་Maharastraམངའ་སྡེའི་Nagpurགྲོང་ཁྱེར་ནས་བོད་དོན་རྐང་འཁོར་འགོ་འཛུགས་གནང་སྟེ་རིམ་པས་Mainpatམངའ་སྡེའི་གྲོང་ཁྱེར་Bhubaneshwarདང་། Andrapradeshམངའ་སྡེའི་གྲོང་ཁྱེར་Vishakapatnam, Vijaywadaབཅས་སུ་སྐོར་བསྐྱོད་ཟིན་དེ་ད་ཆ་ཁོང་Hyderabadམངའ་སྡེའི་Amrawati གྲོང་ཁྱེར་ཕྱོགས་སུ་སྐོར་བསྐྱོད་གནང་བཞིན་ཡོད་འདུག སྐུ་ཞབས་Sandesh Meshramལགས་ཀྱིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་དེ་བཞིན་བོད་ཀྱི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་འདི་ལོ་ལོ་ངོ་༢༥འཁོར་བའི་དུས་ཚེས་ཁྱད་པར་ཅན་ལ་རྗེས་དྲན་ཞུ་རྒྱུ་དང་། ལྷག་པར་དུ་སྐོར་བསྐྱོད་སྐབས་བོད་ཀྱི་གནད་དོན་དང་གནས་སྟངས་སྐོར་རྒྱ་གར་གྱི་ཡུལ་མི་རྣམས་ལ་ཡིག་ཆ་འགྲེམས་སྤེལ་དང་། གསར་འགོད་པ་ལྷན་དང་མཇལ་འཕྲད་སོགས་བརྒྱུད་གོ་རྟོགས་སྤེལ་གནང་རྒྱུ་ཡིན་པ་གསུངས་འདུག རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ལས་བྱེད་པ་ཞིག་གིས་གསུངས་ན། སྐུ་ཞབས་ Sandesh Meshramལགས་ནི་Maharastra མངའ་སྡེའི་ནང་ཡོད་པའི་Bandaraབོད་མིའི་གཞིས་སྒར་དང་འབྲེལ་བ་དམ་ཟམ་ཡོད་པ་ཞིག་མ་ཟད། འདས་པའི་ལོ་ངོ་༤༠ཙམ་རིང་ Nagpurགྲོང་ཁྱེར་ནང་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེའི་འགན་འཁུར་བཞེས་བཞིན་ཡོད་འདུག སྐུ་ཞབས་Sandesh Meshramལགས་ནས་རྐང་འཁོར་གྱི་ལས་འགུལ་འདི་རྒྱ་གར་ལྷོ་ཕྱོགས་Keralaམངའ་སྡེའི་ཁུལ་དུ་མུ་མཐུད་ཤར་བསྐྱོད་གནང་རྒྱུ་དང་ དེ་རྗེས་Maharastra མངའ་སྡེ་ཕྱོགས་སུ་ཕྱིར་ལོག་སྐོར་བསྐྱོད་གནང་སྟེ་མཐར་ཕྱི་ཟླ་༢པའི་ཚེས་༥ཉིན་Bandaraབོད་མིའི་གཞིས་ཆགས་སུ་ལས་འགུལ་མཇུག་སྡོམ་གནང་འཆར་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།