རྒྱ་ནག་གི་བྱིའུ་ཕྲུག་གསར་པ་ཞེས་བའི་ས་ཁྲ་དང་དཔྱད་རྩོམ་ལ་དོ་སྣང་ཆེ་བ།
2017.07.28
རྒྱ་གར་གྱི་(India Today)་ཞེས་པའི་དུས་དེབ་འདོན་ཐེངས་གསར་ཤོས་དེའི་མདུན་ངོས་ཁ་ཤོག་ཐོག རྒྱ་ནག་གི་ས་ཁྲ་བྱ་ཏེའི་དབྱིབས་གཟུགས་སུ་བཀོད་པ་དང་ཆབས་གཅིག་པ་ཀིསི་ཐན་གྱི་ས་ཁྲ་ཆུང་ཆུང་ཞིག་བྱིའུ་ཕྲུག་ལྟ་བུའི་རི་མོ་བྲིས་ནས་རྒྱ་ནག་གི་བྱིའུ་ཕྲུག་གསར་པ་ཞེས་པའི་འགོ་བརྗོད་འོག་རྩོམ་ཡིག་ཞིག་སྤེལ་ཡོད་པ་དེ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་རྒྱ་ཁྱབ་འགྲོ་བཞིན་པའི་མ་ཚད། དྲ་ལམ་བེད་སྤྱོད་གཏོང་མཁན་རྒྱ་མི་མང་པོ་ཞིག་གིས། རྒྱ་གར་གྱི་དུས་དེབ་དེས་བོད་དང་ཐེ་ཝན་གཉིས་མེད་པའི་རྒྱ་ནག་གི་ས་ཁྲ་བཏོན་པ་དེར་ཁོང་ཁྲོ་དྲག་པོ་ལངས་ནས་རྒྱ་གར་ལ་སྐྱོན་བརྗོད་དང་ཁ་རྡུང་གཏོང་བཞིན་ཡོད་འདུག
ད་ལྟའི་སྐབས་འདིར་འབྲུག་དང་བོད་དབར་གྱི་འབྲོག་ལམ་ཁུལ་གྱི་ས་མཚམས་ཀྱི་ཕྱོགས་གཉིས་ཀར། རྒྱ་དཀར་ནག་གཉིས་ཀའི་དམག་དཔུང་འགྲེམས་འཇོག་ངང་བསྡད་ཡོད་པའི་སྐབས་ཞིག་ལ་གོང་ཞུས་རྒྱ་གར་གྱི་དུས་དེབ་(India Today)་གི་ཁ་ཤོག་ཐོག་རྒྱ་ནག་དང་པ་ཀིསི་ཐན་གྱི་ས་ཁྲ་བྱ་ཏེ་ཨ་མ་དང་བྱིའུ་ཕྲུག་གི་གཟུགས་དབྱིབས་སུ་བཀོད་ནས། རྒྱ་ནག་གིས་བྱིའུ་ཕྲུག་གསར་པ་པ་ཀིསི་ཐན་ནང་དཔལ་འབྱོར་གྱི་མ་རྩ་ཕོན་ཆེ་འཛུགས་འཇོག་བྱེད་བཞིན་ཡོད་པར་རྒྱ་གར་གྱིས་བློ་འཚབ་བྱེད་དགོས་ཆགས་ཡོད་པའི་ནང་དོན་སྐོར་རྩོམ་ཡིག་སྤེལ་ཡོད་པ་རེད། དེའི་བར་ན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་པར་བསྐྲུན་བཟོ་བཀོད་འཆར་སྒྲིག་ཚོགས་པ་SPD ཡིས། ཐེངས་འདིའི་རྒྱ་གར་གྱི་དུས་དེབ་(IndiaToday)་གི་ཁ་ཤོག་ཐོག་གི་རི་མོ་དེ་ཉིན་དེའི་ཁ་ཤོག་ལ་འདེམས་ཐོན་གནང་ཡོད་ཅིང་། (India Today)་དུས་དེབ་ཀྱི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་གྱིས། ཁོང་རྣམ་པས་འགྲེམས་སྤེལ་གནང་བའི་དུས་དེབ་དེས་རྒྱལ་སྤྱིའི་གསར་འགོད་པའི་ཚད་གཞི་ལོན་ཡོད་པར་དགའ་སྤོབ་ཆེན་པོ་གནང་འདུག འོན་ཀྱང་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་(Global Times)་ནང་། (India Today)་དུས་དེབ་ཀྱི་ཁ་ཤོག་ཐོག་བཏོན་པའི་རྒྱ་ནག་གི་ས་ཁྲའི་ནང་བོད་དང་ཐེ་ཝན་གཉིས་བཏོན་མེད་པར་སྐྱོན་བརྗོད་བྱས་ཏེ། མིག་སྔར་རྒྱ་ནག་དང་རྒྱ་གར་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཡོད་བཞིན་པའི་སྐབས་འདིར། རྒྱ་གར་གྱི་མཐོ་རིམ་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་སྡང་ཟུག་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་བོད་དང་ཐེ་ཝན་གཉིས་རྒྱ་ནག་ནས་ལོགས་སུ་བཏོན་ཐབས་བྱེད་བཞིན་ཡོད་ནའང་། དེ་ལྟར་ཡོང་ཤེས་ཡག་མེད་དུས། ཁོང་ཚོས་རི་མོའི་ཐོག་ནས་རྒྱ་ནག་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་རྩོམ་ཡིག་སྤེལ་ཡོད་པ་མ་ཟད། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་(Wiebo)་ལོངས་སུ་སྤྱོད་པ་པོ་མང་པོས་ཀྱང་སྐྱོན་བརྗོད་འདྲ་མིན་བྱས་འདུག
ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་ནང་། རྒྱ་ནག་གི་ས་ཁྲའི་ནང་ནས་བོད་དང་ཐེ་ཝན་གཉིས་གསལ་བཏོན་མ་བྱས་པར་རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་བེད་སྤྱོད་གཏོང་མཁན་ཚོས་རྒྱ་གར་ལ་སྐྱོན་བརྗོད་དང་། བསམ་ཚུལ་མང་པོ་བརྗོད་ཡོད་རུང་། རྒྱ་ནག་གཞུང་གིས་བདག་དབང་བྱེད་བཞིན་པའི་མངའ་ཁུལ་དེ་གཉིས་ཐོག་དུས་ཡུན་རིང་པོའི་ཆབ་སྲིད་ཀྱི་དཀའ་རྙོག་ཡོད་བཞིན་པ་རེད་ཅེས་བཀོད་འདུག
དེ་བཞིན་ཐེ་ཝན་གྱི་གསར་ཤོག་ཞིག་གི་ནང་། རྣམ་ཀུན་མང་པོ་ཞིག་གིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་བརྗོད་སྟེ་ནོར་འཁྲུལ་བཏང་གི་ཡོད་ནའང་། ད་རེས་རྒྱ་གར་གྱི་(India Today)་དུས་དེབ་ཀྱིས་ཁ་ཤོག་ཐོག་བཀོད་པའི་ས་ཁྲའི་ནང་ཐེ་ཝན་དང་བོད་མ་བཅུག་པ་དེར་དགའ་བསུ་ཞུས་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།