རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུར་རྒྱ་གར་གྱི་སྐུ་ཚབ་མཉམ་ཞུགས་བྱས་མི་འདུག
རྒྱ་ནག་གིས་འདི་ལོ་ཕྱི་ཟླ་༡༠པའི་ཚེས་༡༧ནས་༡༨བར་ཉི་མ་གཉིས་རིང་། རྒྱ་ནག་ནང་རྒྱལ་ཁབ་༡༤༠ལྷག་གི་མགོ་ཁྲིད་དང་སྐུ་ཚབ་སོགས་མགྲོན་འབོད་ཀྱིས། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་རང་འདོད་དང་ཨུ་ཚུགས་ཀྱི་སྒོ་ནས་འབད་བརྩོན་ཆེན་པོ་བྱེད་བཞིན་པ། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་མགོ་འཛུགས་ཀྱིས་ལོ་ངོ་བཅུ་ཐམ་པ་འཁོར་བའི་དགའ་སྟོན་ཚོགས་འདུ་ཚོགས་ཡོད་ནའང་། དེ་ལ་རྒྱ་གར་གྱི་སྐུ་ཚབ་དེ་སྔ་ཕྱི་ལོ་༢༠༡༧དང་༡༩བཅས་སུ་མཉམ་ཞུགས་མ་གནང་བ་བཞིན་དུ། ད་ལན་ཡང་བསྐྱར་མཉམ་ཞུགས་གནང་མེད་པ་མ་ཟད། རྒྱ་ནག་གིས་པཱ་ཀི་སི་ཏན་དང་རྒྱ་ནག་གི་དཔལ་འབྱོར་ཚོང་ལམ་ཐོག་ཨ་སྒོར་ཐེར་འབུམ་༦༠འགྲོ་སོང་བཏང་སྟེ་ཀ་ཤི་མེར་གྱི་ས་ཁོངས་སུ་འཛུགས་བསྐྲུན་བྱས་ཡོད་པས། རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་རྟོག་ཞིབ་ཐེབས་རྩ་ཁང་གི་རྒྱ་ནག་ཉམས་ཞིབ་པ་Kalpit A Mankikarལགས་ནས། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེ་རྒྱ་གར་གྱི་ས་ཁོངས་བདག་དབང་གི་གནད་དོན་དང་འབྲེལ་བ་ཡོད་པས། རྒྱ་གར་གྱི་སྐུ་ཚབ་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་ལ་བསྐྱར་དུ་མ་ཞུགས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་དཔེར་ན་རྒྱ་ནག་དང་པཱ་ཀི་སི་ཏན་གྱི་དཔལ་འབྱོར་སྐྱེལ་འདྲེན་གྱི་ལམ་དེ་ཀཤི་མེར་གྱི་ནང་ཁེལ་ཡོད་ཁར། རྒྱལ་ཁབ་དེ་གཉིས་ཀས་ས་ཁོངས་དེ་ཁུལ་ཁྲིམས་འགལ་གྱི་སྒོ་ནས་བདག་བཟུང་བྱས་ཡོད་པ་དང་། རྒྱ་གར་གྲོས་ཚོགས་ཀྱིས་ཀྱང་རྒྱ་གར་གཞུང་གིས་ལངས་ཕྱོགས་འདི་བསྐྱར་དུ་འཛིན་དགོས་པའི་གྲོས་ཆོད་བཞག་ཡོད་པ་སྟེ། མདོར་ན་རྒྱ་གར་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་ཀྱི་བདག་དབང་ལ་འབྲེལ་བ་ཡོད་པར་བརྟེན། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་རྒྱ་གར་གྱིས་སྔ་ཕྱི་བར་གསུམ་དུ་ཁ་གཏད་གནང་ཡོད་པའི་མུར། མ་འོངས་པར་ཡར་རྒྱ་གར་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་གི་མ་རེད་འདོད་ཅེས་འགྲེལ་བརྗོད་གནང་གི་འདུག རྒྱ་ནག་གཞུང་གིས་ཡོ་རོབ་ནང་དུའང་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ཤུགས་ཆེ་སྤེལ་ཐབས་བྱེད་བཞིན་པ་ཡིན་ནའང་། རྒྱ་ནག་གི་ལས་འཆར་དེས་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར། འགྲོ་བ་མིའི་ཐོབ་ཐང་སོགས་ལག་བསྟར་ལ་དོ་ཕོག་ཆེན་པོ་འགྲོ་ཉེན་ཡོད་པར་བརྟེན། ཡོ་རོབ་རྒྱལ་ཁབ་ཚོས་དོགས་འདྲོགས་ཤུགས་ཆེ་གནང་གི་ཡོད་པ། ཡོ་རོབ་དང་རྒྱ་ནག་ཉམས་ཞིབ་པ་Zsuzsa Anna Ferenczyལགས་འགྲེལ་བརྗོད་གནང་དོན། ཡོ་རོབ་ནང་རྒྱུད་གཅིག་ལམ་གཅིག་ནི་ཞི་ཅིན་ཕིན་གྱིས་འཛམ་གླིང་སྤྱི་ལ་རྒྱ་ནག་གི་ཤུགས་རྐྱེན་སྤེལ་བའི་ལག་ཆ་དང་། ས་མཚམས་ཆབ་སྲིད་འཐབ་རྩོད་དང་འབྲེལ་བ་ཡོད་པར་སེམས་ཁྲལ་གནང་གི་ཡོད་པའི་ཁར། ལས་འཆར་འདི་ལ་བརྟེན་ནས་རྒྱ་ནག་གིས་སོ་སོའི་རྒྱལ་ཁབ་ཀྱི་ལམ་སྲོལ་རྒྱལ་ཁབ་གཞན་གྱི་ཐོག་ཇི་ཆེར་སྤེལ་ཏེ། ཡོ་རོབ་ནང་དུའང་ཁྲིམས་ཀྱི་དབང་སྒྱུར་གྱིས་ཕྱི་གསལ་ནང་གསལ་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ལ་དོ་ཕོག་འགྲོ་ཉེན་མཐོང་སྟེ་དོགས་འདྲོགས་བསླང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།
རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་ནང་རྒྱལ་ཁབ་མང་པོར་བུ་ལོན་གཡར་ཏེ་ཆབ་སྲིད་ཀྱི་ཁེ་ཕན་ལེན་པ་དང་། བུ་ལོན་གྱི་རྙི་ལ་ཚུད་བཅུག་པ་སོགས་བྱེད་བཞིན་པ་མ་ཟད། ལས་འཆར་དེ་འབྲེལ་ལྐོག་ཟ་རུལ་སོང་ཚབས་ཆེན་ཡོང་གི་ཡོད་པ་སོགས། རྒྱ་གར་གྱི་རྒྱ་ནག་ཉམས་ཞིབ་པ་Aadil Brarལགས་ནས་འགྲེལ་བརྗོད་གནང་དོན། རྒྱ་ནག་གིས་འཛམ་གླིང་གི་ས་ཆ་ཁག་ཅིག་ཏུ་འཁོར་ལམ་དང་ལྕགས་ལམ་སོགས་བསྐྲུན་གྲུབ་པ་དངོས་ཡོད་གནས་ཚུལ་ཡིན་ནའང་། ཡུལ་ལུང་དེ་ཚོས་ཕུགས་རིང་པོའི་ཆ་ནས་ཆབ་སྲིད་ཀྱི་ཕམ་ཁ་ཉོས་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་ལ་གྲུབ་འབྲས་སྨིན་ཡོད་མེད་བཤད་རྒྱུ་ད་ཆ་སྔ་དྲགས་ཏེ་རྙོག་གླེང་གི་ངོ་བོ་ཞིག་ཏུ་ལྷག་ཡོད། རྒྱ་ནག་གི་སྒྲོམ་གཞི་ལ་སྐྱོན་ཆག་ཆེན་པོ་ཡོད་པས་ལས་འཆར་འདི་འབྲེལ་གྱི་ལྐོག་ཟ་རུལ་སོང་གང་སར་འཐོན་བཞིན་པ་སོགས་ཀྱིས། ལས་འཆར་ཆུང་ཁག་ཚུན་ཆད་ནང་ལྐོག་ཟ་འབྱུང་གི་ཡོད་པའི་སྟབས་ཀྱིས། རྒྱ་ནག་གི་ལས་འཆར་འདི་ལ་གྲུབ་འབྲས་ཐོབ་ཡོད་མེད་བཤད་རྒྱུ་མགོ་རྙོག་ཡིན་པ་འགྲེལ་བརྗོད་གནང་སོང་།
རྒྱ་ནག་གཞུང་གིས་ཨ་རིའི་སྒོར་མོ་ཐེར་འབུམ་༢༤༠ལྷག་གི་མ་རྩ་བཙུགས་ཏེ། འཛམ་གླིང་གང་སར་ཡར་རྒྱས་འཛུགས་སྐྲུན་དང་ཚོང་ལམ་བཟོ་སྐྲུན་གྱི་ཁ་གཡང་སྒྲོག་བཞིན། རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་པ་མ་ཟད། རྒྱ་ནག་ནང་ད་ལན་ལས་འཆར་འདི་མགོ་འཛུགས་ཀྱིས་ལོ་བཅུ་འཁོར་བའི་དགའ་སྟོན་ཐོག ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ཨེ་ཤེ་ཡ་དང་ཨ་རབ་སོགས་ཀྱི་མགོ་ཁྲིད་མང་དག་ཅིག་མཉམ་ཞུགས་བྱས་ཡོད་ནའང་། ཨ་རི་དང་ཡོ་རོབ། རྒྱ་གར་སོགས་མང་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ཕལ་ཆེ་བ་མཉམ་ཞུགས་གནང་མེད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།