རྒྱ་གར་གཞུང་འབྲེལ་ས་ཡོམ་རིག་པའི་ཉམས་ཞིབ་ལྟེ་གནས་ཁང་གིས་བོད་དིང་རིའི་ས་ཡོམ་དང་འབྲེལ་བའི་སྙན་ཐོར་བོད་མིང་ (Xizang) ཞེས་བཀོད་པའི་འཁྲུལ་བ་ངོས་ལེན་གྱིས་ (Tibet) ཏུ་བསྒྱུར་བཅོས་བཏང་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ནང་གི་དིང་རི་ཁུལ་དུ་ས་ཡོམ་ཚད་རིམ་ ༧་༡ བྱུང་བའི་ཐོག་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་ལྟེ་གནས་ཁང་མང་དག་ཅིག་ནས་ས་ཡོམ་གྱི་གོད་ཆགས་དང་འབྲེལ་བའི་སྐོར་གནས་ཚུལ་བཀོད་ཡོད་པ་བཞིན། རྒྱ་གར་གཞུང་འབྲེལ་ས་ཡོམ་རིག་པའི་ཉམས་ཞིབ་ལྟེ་གནས་ཁང་ (National Center for Seismology) གིས་ཀྱང་ཉེ་ལམ་དེ་འབྲེལ་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་བོད་མིང་ལ་དབྱིན་སྐད་དུ་ཤི་ཙང་ (Xizang) ཞེས་ཐེངས་ ༥༠ ལྷག་བེད་སྤྱོད་བྱས་ཡོད་ཀྱང་། ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཉམས་ཞིབ་ལྟེ་གནས་ཁང་དེས་ཐ་སྙད་བཀོལ་སྤྱོད་ནོར་འཁྲུལ་ངོས་ལེན་གྱིས་བོད་མིང་ཀྲི་བྷེཊ་ (Tibet) ཏུ་བསྒྱུར་བཅོས་གནང་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༡ ཉིན་རྒྱ་གར་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་ལྷ་མཚོ་ལགས་དང་ཚོགས་མི་བསྟན་འཛིན་དགྲ་འདུལ་ལགས་གཉིས་ནས། རྒྱ་གར་གཞུང་འབྲེལ་ས་ཡོམ་རིག་པའི་ཉམས་ཞིབ་ལྟེ་གནས་ཁང་ (National Center for Seismology) གིས་བོད་(Tibet)ཅེས་པའི་ཚབ་ཏུ་ཤི་ཙང་(Xizang)ཞེས་བཀོལ་སྤྱོད་བྱས་པར། ཉམས་ཞིབ་ལྟེ་གནས་ཁང་དེའི་འགན་འཛིན་འབུམ་རམས་པ་ཨོཾ་པྲ་ཀཤ་མིཤ་ར་ (Dr.Om Prakash Mishra)ལགས་དང་ཐུག་འཕྲད་ཀྱིས། བོད་མིང་དུ་ཤི་ཙང་ཞེས་བཀོལ་སྤྱོད་བྱས་པར་བསྒྱུར་བཅོས་དགོས་སྐོར་ཞུ་གཏུག་གནང་ཞིང་། སྐབས་དེར་ས་ཡོམ་ཉམས་ཞིབ་ལྟེ་གནས་ཁང་དེའི་འགན་འཛིན་ཨོཾ་པྲ་ཀཤ་མིཤ་ར་ (Om Prakash Mishra) ལགས་ནས་བསྒྱུར་བཅོས་གནང་རྒྱུའི་ཞལ་བཞེས་གནང་པ་བཅས་ཞུ་གཏུག་བྱས་པར་བརྟེན་ནས་བྱུང་པ་ཞིག་ཡིན་འདུག

དེ་དང་འབྲེལ་ཏེ་ཞུ་གཏུག་པ་བསྟན་འཛིན་དགྲ་འདུལ་ལགས་ཀྱིས། ཉམས་ཞིབ་ལྟེ་གནས་ཁང་གི་སྙན་ཐོའི་ནང་ཐ་སྙད་དངོས་སུ་བསྒྱུར་བཅོས་གནང་བ་དེས། རྒྱ་གར་ལྟ་བུའི་མང་གཙོའི་རྒྱལ་ཁབ་ཆེན་པོ་ཞིག་གིས་དེའི་ཐད་བསམ་གཞིགས་གནང་ཐུབ་ན། བོད་དོན་ཞུ་སྐུལ་བ་ཚོས་བོད་ལ་ཤི་ཙང་ཞེས་བཀོལ་སྤྱོད་བྱེད་མཁན་རྒྱལ་ཁབ་གཞན་ཚོར་མུ་མཐུད་ཞུ་གཏུག་གནང་ཚེ་འབྲས་བུ་སྨིན་རྒྱུ་འདུག་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། རྒྱ་གར་གྱིས་དེ་ལྟར་བསྒྱུར་བཅོས་གནང་བ་དེས་རྒྱལ་ཁབ་གཞན་ཚོར་ལམ་ཁ་དང་དམིགས་དཔེ་ཞིག་བསྟན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་ཞུ་སྐུལ་བ་བསྟན་འཛིན་དགྲ་འདུལ་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། ས་ཡོམ་ཉམས་ཞིབ་ཁང་གི་འགན་འཛིན་ཨོཾ་པྲ་ཀཤ་མིཤ་ར་ལགས་ནི་བོད་དོན་ཐོག་རྒྱུས་མངའ་མཁྱེན་རྟོགས་ཡོད་མཁན་ཞིག་རེད་འདུག་པས། གནད་དོན་དེའི་ཐད་ཞུ་སྐུལ་བྱས་སྐབས། ཁོང་གིས་རྒྱ་གར་ལ་མཚོན་ན་བོད་ཀྱི་མིང་ནི་དབྱིན་སྐད་དུ་ཀྲི་བྷེཊ་ (Tibet) ཡིན་པ་ལས་ཤི་ཙང་ཞེས་པར་ནམ་ཡང་ངོས་ལེན་བྱེད་ཀྱི་མེད་ཅེས་འགྲེལ་བརྗོད་གནང་འདུག་པ་དང་སྦྲགས། ཐེངས་འདིའི་ནོར་འཁྲུལ་ལ་དང་ལེན་གྱིས་སྙན་ཐོའི་ནང་གི་ཐ་སྙད་ལ་བསྒྱུར་བཅོས་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག
གཞི་རྩའི་ཕྱི་ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་རྫོང་དིང་རི་ས་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་ཡོད་པར། རྒྱལ་ཁབ་མང་དག་ཅིག་གིས་གདུང་སེམས་མཉམ་སྐྱེད་ཀྱི་འཕྲིན་ཡིག་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ། བོད་ཀྱི་མིང་དབྱིན་སྐད་དུ་ཤི་ཙང་ཞེས་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་བཞིན་པའི་ཐ་སྙད་དེ་བེད་སྤྱོད་བྱས་ཡོད་ལ། དེར་བོད་མི་རྣམས་ཀྱིས་ངོ་རྒོལ་ཞུ་གཏུག་དང་བློ་འཚབ་ཀྱི་རྣམ་འགྱུར་བསྟན་ཡོད། དེ་མཚུངས་ཧྥ་རན་སིར་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་གཉིས་དང་དབྱིན་ཡུལ་འགྲེམས་སྟོན་ཁང་(The British Museum) གིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་ཁག་ཏུ། ཤི་ཙང་ (Xizang) ཞེས་བཀོད་ཡོད་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་རིམ་པར་གནང་བའི་བརྒྱུད། ( Musée Quai Branly) འགྲེམས་སྟོན་ཁང་གིས་དཀར་ཆག་ལ་བསྒྱུར་བཅོས་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། (Musée Guimet) འགྲེམས་སྟོན་ཁང་དང་དབྱིན་ཡུལ་འགྲེམས་སྟོན་ཁང་གཉིས་ཀྱིས་ད་བར་བསྒྱུར་བཅོས་བཏང་མེད་པ་རེད།།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།