རྒྱ་གར་དང་རྒྱ་ནག་གི་དམག་དོན་འབྲེལ་ལམ་བསྐྱར་གསོ།
2011.06.17
༄༅༎རྒྱ་གར་ཕྱོགས་ནས་དེ་རིང་རེས་གཟའ་ཉི་མའི་ཉིན་དམག་དོན་སྐུ་ཚབ་རྒྱ་ནག་ཏུ་ཆེད་གཏོང་གནང་རྒྱུ་ཡིན་ཞིང༌། དེ་ནི་འདས་པའི་ལོ་གཅིག་རིང་ཕྱོགས་གཉིས་པོའི་དམག་དོན་འབྲེལ་ལམ་ཆད་པ་བསྐྱར་གསོ་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་རེད། རྒྱ་གར་གྱི་མཐོ་རིམ་སྲུང་སྐྱོབ་དཔོན་རིགས་ནས་གསུང་པར། རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་སྐུ་ཞབས་གུར་མིཏ་སིང་ཡིས་སྣེ་ཁྲིད་པའི་སྐུ་ཚབ་བརྒྱད་ལས་གྲུབ་པའི་འཐུས་མི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་རྒྱ་ནག་གི་ནུབ་བྱང་ཤིང་ཅང་ཁུལ་དུ་ཉིན་མ་དྲུག་རིང་འཚམས་འདྲི་གནང་རྒྱུ་ཡིན་པའི་སྐོར་གསུང་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་དབར་ལ་ལོ་གཅིག་རིང་དམག་དོན་འབྲེལ་ལམ་ཆད་པའི་རྒྱུ་མཚན་ནི། རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་རྩོད་གཞི་ཅན་གྱི་ཀཤི་མིར་ས་གནས་ཀྱི་དམག་དཔོན་ཞིག་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲོད་ཕྱོགས་ཐད་ལུགས་མཐུན་བཞིན་མ་སྤྲད་པའི་་གནས་ཚུལ་བྱུང་བའི་རྒྱུ་མཚན་གྱིས་ན་ནིང་ཕྱི་ཟླ་བདུན་པ་ནས་བཟུང་རྒྱ་གར་ཕྱོགས་ནས་རྒྱ་ནག་གི་ལྷན་དུ་དམག་དོན་གྱི་འབྲེལ་ལམ་བཅད་པ་ཞིག་ཡིན་ཞིང། རྒྱ་ནག་གི་ཕྱོགས་ནས་རྒྱ་གར་གྱི་མངའ་འོག་ཀཤི་མིར་ས་ཁུལ་གྱི་མི་དམངས་རྒྱ་ནག་ཏུ་བསྐྱོད་རྒྱུར་རྒྱ་གར་གྱི་སྤ་སེའི་ནང་དམིགས་བསལ་ཤོག་འཛར་ཤིག་ཟུར་དུ་བཟོས་ཏེ་ཐོངས་མཆན་སྤྲོད་ཀྱི་ཡོད་པའི་བྱེད་སྟངས་ལ་ཁོང་ཁྲོ་བྱུང་ཡོད་པར་བརྟེན། རྒྱ་གར་གཞུང་གི་གནས་ཚུལ་འབྱུང་ཁུངས་ཤིག་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། ང་ཚོས་ད་བར་རྒྱ་ནག་དང་དམག་དོན་འབྲེལ་ལམ་མཚམས་འཇོག་བྱས་པ་ནི་ལྟ་ཚུལ་མི་མཐུན་པ་དེ་དག་བྱུང་བར་བརྟེན་ནས་ཐག་གཅོད་བྱས་པ་ཞིག་ཡིན། ཡིན་ནའང་ད་རེས་དམག་མིའི་སྐུ་ཚབ་འཐུས་མི་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ་དེ་ནི་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་དམག་དོན་འབྲེལ་ལམ་ཆ་ཚང་བ་བསྐྱར་གསོ་ཡོང་རྒྱུ་དང་དམག་དོན་བརྗེ་རེས་ཀྱི་ལས་གཞི་ཆ་ཚང་བ་བསྐྱར་གསོ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད།