དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་གྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

རྒྱ་གར་མི་སེར་རྒྱལ་ཁབ་བམ་སྤྱི་མཐུན་གྱི་རྒྱལ་ཁབ་ཆགས་ཏེ་རྩ་ཁྲིམས་གཏན་འབེབས་ལག་བསྟར་བྱས་བའི་དུས་ཆེན་ཐེངས་༧༤པ་དེ་བཞིན། སྤྱི་ཟླ་༡ཚེས་༢༦ཉིན་རྒྱ་གར་གཞུང་དམངས་གཉིས་ནས་སྲུང་བརྩི་གནང་བཞིན་པ་ལྟར། བཞུགས་སྒར་དུའང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཙོས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྲུང་བརྩི་གནང་སྐབས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་“རྒྱ་གར་གཞུང་དམངས་གཉིས་བོད་མི་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པས། རྒྱ་གར་གཞུང་དང་མི་དམངས་དང་ང་ཚོ་སྐྱིད་མཉམ་སྡུག་མཉམ་ཡིན་པས། དེ་མཚོན་བྱེད་དུ་དུས་དྲན་འདི་སྲིང་བརྩི་བྱེད་བཞིན་པ”སོགས་ངོ་སྤྲོད་གནང་སོང་། གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་“བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་དམངས་དང་འབྲེལ་ཡོད་ཀྱི་དུས་སྟོན་ཁྱད་པར་ཅན་གཉིས་གངས་སྐྱིད་དུ་འཚོགས་ཏེ་གོ་སྒྲིག་ཞུ་སྲོལ་ཡོད་པ་ནི། གཅིག་རྒྱ་གར་རང་བཙན་ཉིན་མོ་དང་། གཞན་དེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཆགས་པའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དེ་ཡིན་པ་”སོགས་ངོ་སྤྲོད་དང་འབྲེལ། “དེ་རིང་ནས་བརྩིས་པའི་ལོ་༧༤སྔོན་ལ་རྒྱ་གར་གྱི་རྩ་ཁྲིམས་ད་ལྟ་ལག་བསྟར་བྱེད་བཞིན་པ་དེ་དངོས་སུ་ལག་བསྟར་འགོ་བཙུགས་པ་དང་སྟབས་བསྟུན། རྒྱ་གར་གྱི་སྲིད་འཛིན་དང་པོ་དེ་ཡང་རྒྱ་གར་མི་མང་གིས་བདམས་པའི་འཐུས་མི་ཚོས་འོས་འདེམས་གནང་བ་དང་། རྩ་ཁྲིམས་གཏན་འབེབས་ཀྱི་ཁྲིམས་བཟོ་མཇུག་བསྡུས་ཏེ་རྒྱ་གར་གྲོས་ཚོགས་བཙུགས་ཐུབ་པའི་ལོ་རྒྱུས་ཀྱི་གནས་བབ་གལ་ཆེན་ཞིག་ཡིན་པ་”འགྲེལ་བརྗོད་གནང་གི་འདུག
གཞན་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ། སྲིད་སྐྱོང་མཆོག་གིས་“བོད་ནང་གི་གནས་སྟངས་ཇེ་སྡུག་ཇེ་དམ་དུ་འགྲོ་བཞིན་པས། བོད་ནང་གི་མི་མང་ཚོའི་ལུས་སེམས་ཀྱི་སྡུག་བསྔལ་དེ་ང་ཚོས་ཚོད་དཔག་བྱེད་ཁག་པོ་རེད། ལྷག་པར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་རྒྱ་ནག་ཁྱོན་ཡོངས་དང་བོད་ནང་དུ་སྔར་དང་མི་འདྲ་བར་དུར་ཁྲོད་དུ་ཕུང་པོ་མང་པོ་སྐྱེལ་མཁན་ཡོང་གི་ཡོད་པར་བརྟེན། ཁོང་ཚོར་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་བྱ་དགོས་པ་དང་། བོད་ནང་གི་བོད་མིའི་རེ་བ་དང་མངོན་འདོད་ལ་བརྟེན་ནས་ཐུན་མོང་གི་ནུས་པ་སྤུངས་ཏེ། བོད་ཕྱི་ནང་གི་བོད་མི་ཚང་མ་མཉམ་རུབ་གནང་དགོས་པའི་”འབོད་སྐུལ་གནང་གི་འདུག
རྒྱ་གར་གཞུང་དམངས་ཀྱིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཆགས་པའི་དུས་དྲན་ཐེངས་༧༤པ་དེ་བཞིན། རྒྱལ་ས་ལྡི་ལི་རུ་སྲུང་བརྩི་རྒྱ་ཆེར་གནང་བཞིན་པའི་སྐབས་དང་བསྟུན། སྤྱི་ཚེས་༢༥ཉིན་གྱི་དགོང་དྲོར་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་(Droupadi Murmu)་མཆོག་ནས་ཕྱི་ནང་གི་རྒྱ་གར་བ་ཚང་མ་ལ་འཚམས་འདྲི་ཞུས་པ་དང་འབྲེལ། “རྒྱ་གར་ནི་འཛམ་གླིང་གི་མང་གཙོའི་མ་ཡུམ་དང་། གནའ་བོའི་རིག་གཞུང་གཏིང་ཟབ་ཡོད་པའི་གྲས་ཡིན་ནའང་། དེང་རབས་ཀྱི་སྤྱི་མཐུན་རྒྱལ་ཁབ་གཞོན་གཞོན་ཞིག་ཡིན་པར་བརྟེན། ཐོག་མའི་ཆར་དབུལ་ཕོངས་དང་ཡིག་རྨོངས་ཚད་མཐོ་ཡིན་པ་སོགས་ཀྱི་དཀའ་ངལ་མང་དག་འཕྲད་ཡོད་ཀྱང་། རྒྱ་གར་གྱི་བློ་སྟོབས་མ་ཉམས་པར་རེ་བ་དང་གདེང་ཚོད་ཆེན་པོས་འགྲོ་བ་མིའི་ལོ་རྒྱུས་ཁྱད་པར་བ་ཞིག་སྟེ། ངེས་གཏན་མེད་ནའང་མི་རིགས་དང་རིག་གཞུང་མི་འདྲ་བ་སྣ་ཚོགས་མཉམ་འདུས་ཀྱི་རྒྱལ་ཁབ་ཞིག་བསྐྲུན་པར་ཚོད་ལྟ་བྱས་ཏེ། ད་ཆ་མི་འདྲ་བ་དེ་ཚོ་ཚང་མས་ང་ཚོ་ཆིག་སྒྲིལ་བཟོས་ཡོད་”ཅེས་གསུང་བཤད་གནང་འདུག
ད་དུང་ཁོང་གིས་“གང་ལྟར་ང་ཚོ་ཚང་མ་གཅིག་པ་དང་རྒྱ་གར་བ་ཡིན་པའི་བསམ་བློ་ཁུར་ཏེ། དམངས་གཙོའི་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཞིག་ལེགས་པར་བསྐྲུན་ཐུབ་ཡོད་པ་མ་ཟད། མི་རིགས་མི་འདྲ་བ་དང་སྐད་ཡིག་མི་འདྲ་བ་སྣ་ཚོགས་ཀྱིས་ང་ཚོ་ཁ་བྲལ་མ་བཏང་བར་ཆིག་སྒྲིལ་བཟོས་ཡོད་པའི་མུར། དེ་ནི་རྒྱ་གར་དང་རྒྱ་གར་རྩ་ཁྲིམས་ཀྱི་སྙིང་པོ་ཆགས་ཡོད་”ཅེས་ཀྱང་གསལ་སྟོན་གནང་གི་འདུག
རྒྱ་གར་ནི་སྤྱི་ལོ་༡༩༤༧ལོར་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་ཡོད་ནའང་། སྤྱི་ལོ་༡༩༥༠བར་རྩ་ཁྲིམས་གཏན་འབེབས་ཚར་མེད་པས་༡༩༥༠ལོ་རྩ་ཁྲིམས་གཏན་འབེབས་ཚར་ཏེ་ལག་ལེན་དུ་ཕབ་པ་ནས་བཟུང་། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཆགས་པའི་དུས་དྲན་སྲུང་བརྩི་གནང་འགོ་བཙུགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།