རྒྱ་ནག་གཞུང་གིས་བོད་ལྷོ་ཕྱོགས་ཞེས་འབོད་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་ ༡༡ གི་མིང་གསར་བཟོ་བྱས་པར་རྒྱ་གར་གྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ།

2023.04.05
རྒྱ་ནག་གཞུང་གིས་བོད་ལྷོ་ཕྱོགས་ཞེས་འབོད་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་ ༡༡ གི་མིང་གསར་བཟོ་བྱས་པར་རྒྱ་གར་གྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ མགྲིན་ཚབ་པ་སྐུ་ཞབས་ཨ་རིན་དྷམ་བྷག་ཆི(Arindam Bagchi)
Reuters

རྒྱ་ནག་གཞུང་གིས་བོད་ལྷོ་ཕྱོགས་ཞེས་འབོད་ནས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་ ༡༡ གི་མིང་གསར་བཟོ་བྱས་པར་རྒྱ་གར་ཕྱི་སྲིད་ལས་ཁང་ནས་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་བྱས་འདུག
ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་མཚོ་སྣ་རྫོང་དང་སྨན་གླིང་རྫོང་གཉིས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་གསལ་བསྒྲགས་བྱས་རྗེས། ཕྱི་ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་ས་ཁུལ་ ༡༡ གི་མིང་གསར་བཟོའམ། བཟོ་བཅོས་བྱས་ཤིང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་འདི་དག་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་དྲིལ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གི་ས་ཁུལ་མིང་བསྒྱུར་བྱས་པ་ད་རེས་ཐེངས་དང་པོ་མིན་པར་དེ་སྔོན་ཕྱི་ལོ་ ༢༠༡༧ དང་ ༢༠༢༡ སོ་སོར་ཡང་ཨ་རུ་ན་ཅཱལ་མངའ་སྡེའི་ས་ཁུལ་འགའ་ཤས་མིང་བསྒྱུར་བྱས་ཡོད་པ་རེད།
ཕྱི་ཟླ་ ༤ ཚེས་ ༢ ཉིན་ས་ཁུལ་ ༡༡ མིང་བསྒྱུར་བྱས་ལུགས་དྲིལ་བསྒྲགས་བྱས་པར་མ་ཟད། ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་ཁུལ་དེ་དག་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་ས་ཁུལ་མཚོ་སྣ་རྫོང་། ལྷུན་རྩེ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་བཅས་ཀྱི་ཁོངས་སུ་ཚུད་ཡོད་པ་བརྗོད་ཡོད་པ་རེད། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་ཨ་རིན་དྷམ་བྷག་ཆི(Arindam Bagchi)ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་ཆའི་མིང་བཟོ་བཅོས་བྱེད་པ་དེ་གནས་ཚུལ་གསར་པ་ཞིག་མིན་པ་གསལ་བཤད་ཐོག ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཤིག་ཡིན་སྟབས། ས་ཆའི་མིང་གསར་བཟོ་བྱེད་པ་དེས་དངོས་ཡོད་གནས་ཚུལ་ལ་འགྱུར་བ་གཏོང་ཐུབ་གྱི་མ་རེད་བཅས་རྒྱ་ནག་གཞུང་ལ་ལན་འདེབས་དང་རྒྱ་གཞུང་གིས་མིང་བསྒྱུར་གྱི་ལས་གཞི་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
ད་ལན་རྒྱ་ནག་གཞུང་གི་ས་གནས་ཁག་ ༢ རི་བོ་ ༥ གཙང་པོ་ ༢ དང་གཞན་ས་ཁུལ་ཁག་ ༢ བཅས་ཁྱོན་ས་ཆ་ ༡༡ ལ་མིང་གཏན་འབེབས་བྱས་ཡོད་འདུག ཨ་རུ་ན་ཅལ་ཁུལ་དུ་གནས་སྡོད་འབྲེལ་ཡོད་མི་སྣ་ཞིག་གི་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔོན་ཨ་རུ་ན་ཅལ་གྱི་ས་གནས་མིང་སི་རུ་(Seru)ཟེར་བར་རྒྱ་ནག་གཞུང་གིས་མིང་གསར་པ་རྒྱང་མཁར་རྫོང་དང་། ཊ་ཊུ་(Tato)ལ་རྟ་གདོང་། ཨ་པར་ཤི་ཡང་(Upper Siang)ལ་མདུང་རྩེལ། ཀ་སྦི་ཐོ་(Kibitho)ལ་མགོ་ཡུལ་ཐང་། སུ་བྷན་སི་རི་(Subansiri)ཁུལ་གྱི་རི་བོ་ཞིག་ལ་ལྕུག་སྨྱུག་རྩེ་གངས་རི་ཞེས་མིང་བསྒྱུར་བྱས་ཡོད་འདུག
རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་Jayadeva Ranade ལགས་ཀྱིས་འདི་ནི་རྒྱ་ནག་གི་རྫུན་བཟོ་བྱེད་ཐབས་ཀྱི་ཆ་ཤས་ཤིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ད་ལན་རྒྱ་ནག་གཞུང་གིས་གཙོ་བོ་ས་ཁུལ་དེ་དག་ཁྲིམས་ཐོག་ནས་ཁོང་ཚོར་བདག་གིས་ཡོད་ལུགས་ར་སྤྲོད་བྱེད་བཞིན་ཡོད་པ་རེད། ཁོང་ཚོ་སྒྲུང་དང་ས་ཁྲ་ཡིག་ཆ་སོགས་རྫུན་བཟོ་བྱེད་ཡག་ལ་མཁས་པོ་ཡོད་རེད། བྱ་སྤྱོད་འདི་ནི་ས་ཁྲ་འབྲི་བཀོད་ཀྱི་ཐོག་ནས་དྲག་རྒོལ་བྱེད་པ་ཞིག་རེད་ཅེས་གསུངས་ཀྱི་འདུག
གནད་དོན་འདི་དང་འབྲེལ་བའི་ཐོག་ཨ་མི་རི་ཀའི་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་ཨ་མི་རི་ཀས་ལོ་མང་གོང་ནས་ཨ་རུ་ན་ཅལ་ས་ཁུལ་འདི་བཞིན་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་ནང་གི་ས་ཁུལ་ཁག་ཅིག་ལ་མིང་གསར་བཟོ་བྱས་ནས་བདག་དབང་ཡོད་ལུགས་བྱེད་པ་དེ་ལ་མཐའ་གཅིག་ཏུ་དགག་བྱ་ཡོད་ཅེས་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་(Karine Jean Pierre) ལགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་འདུག
ཡང་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ནོང་ཨི་རིང་(Ninong Ering)ལགས་ཀྱིས་འདི་གར་ཨེ་ཤེ་ཡ་རང་དབང་རླུང་འཕྲིང་ཁང་ལ་གསུངས་དོན་ལྟར་ན། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཆ་ཤས་ཤིག་དང་ཨ་རུ་ན་ཅལ་མི་མང་གིས་སོ་སོའི་རྒྱལ་ཁབ་ལ་རྒྱལ་ཞེན་གྱི་ཚོར་བ་རྒྱ་གར་གྱི་ས་ཁུལ་གཞན་ལས་མང་བ་ཡོད་པ་རེད། ང་ཚོས་རྒྱ་གར་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོབ་བྱེད་བཞིན་ཡོད་ལ་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་སྐབས་ང་ཚོའི་མི་མང་གིས་རང་རྒྱལ་ཁབ་དོན་དུ་ནུས་པ་ལྡན་པའི་འཐབ་རྩོད་བྱས་ཡོད། ང་ཚོས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཟང་པོ་ཞིག་ཡོང་བའི་རེ་བ་བྱེད་བཞིན་ཡོད། ཡིན་ན་ཡང་རྒྱ་ནག་གཞུང་ཕྱོགས་ཀྱི་འདི་ལྟ་བུའི་བྱ་སྤྱོད་ལ་ང་ཚོའི་སེམས་ནང་ཤུགས་རྐྱེན་ངན་པ་ཞིག་དང་ང་ཚོའི་མི་མང་གིས་འདིར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།
དེ་བཞིན་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཉིང་ཁྲི་ས་ཁུལ་དུ་ཡོད་པའི་སྨན་གླིང་རྫོང་དང་ལྷོ་ཁ་ས་ཁུལ་དུ་ཡོད་པའི་མཚོ་སྣ་རྫོང་ཁག་སོ་སོར་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ཆོག་མཆན་སྤྲོད་པའི་སྐོར་གྱི་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་འཁོད་ཡོད་འདུག གནས་དོན་དེ་དང་འབྲེལ་བའི་ཐོག་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་འཕགས་བོད་ས་མཚམས་ཐོག་ཉམས་ཞིབ་གནང་མཁན་འབུམ་རམ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ས་ཁུལ་དེ་གཉིས་འཕགས་བོད་ས་མཚམས་ཐོག་གལ་གནད་ཅན་གྱི་ས་ཁུལ་ཞིག་དང་ཐབས་ཇུས་ཀྱི་ཐོག་དོན་ཚན་གསུམ་གྱི་སྒོ་ནས་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསུངས་ཀྱི་འདུག
དེ་བཞིན་མོན་ཡུལ་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་ང་ཚོའི་ས་མཚམས་ནི་བོད་དང་ཡིན་པ་ལས་རྒྱ་ནག་དང་མཉམ་དུ་མེད་དུས་ད་རེས་རྒྱ་ནག་གཞུང་ཕྱོགས་ནས་ཨ་རུ་ན་ཅལ་ནང་གིས་ས་ཁུལ་ཁག་གི་མིང་གསར་བཟོ་བྱས་པ་དེ་ང་ཚོ་ལ་ཚོར་སྣང་དང་སེམས་འཚབ་གང་ཡང་ཡོང་གི་མིན་འདུག་ལ་ཨ་རུ་ན་ཅལ་ནང་གི་ས་ཁུལ་གྱི་མིང་མི་རབས་ནས་མི་རབས་བར་རྒྱ་ནག་གི་བསྒྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་བྱུང་།
རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་དེ་བཞིན་བོད་ཀྱི་ལྷོ་ཁུལ་གྱི་ས་ཁུལ་ཞིག་དང་རྒྱ་ནག་ལ་བདག་དབང་ཡོད་ལུགས་བརྗོད་བཞིན་ཡོད་པ་མ་ཟད་དེ་སྔོན་ཕྱི་ལོ་༢༠༡༧ ཟླ་བ་ ༤པའི་ནང་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་ཆ་ཁག་ ༦ ལ་མིང་གསར་བཟོ་བྱས་པའི་གནས་ཚུལ་བྱུང་ཡོད་ལ། དེ་རྗེས་སླར་ཡང་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་ ༡༢ ནང་ཨ་རུ་ན་ཅལ་ཁུལ་གྱི་ས་གནས་ཁག་ ༨ དང་རི་བོ་ ༤ གཙང་པོ་༢ ལ་༡ བཅས་ལ་རྒྱ་ནག་གཞུང་གིས་མིང་གཏན་འབེབས་བྱས་ཡོད་པ་ནི་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད།
རྒྱ་གར་དང་རྒྱ་ནག་གཉིས་དབར་ས་མཚམས་ཀྱི་ཐད་མུ་འཐུད་རྩོད་རྙོག་ཆེན་པོ་ཡོད་ལ། རྒྱ་ནག་གིས་རྒྱ་གར་མངའ་ཁོངས་ཨ་རུ་ན་ཅཱལ་གྱི་ས་ཁོངས་དེ་དག་བོད་ལྷོ་རྒྱུད་ཀྱི་ས་ཁུལ་ཞེས་འབོད་བཞིན་པ་དེའི་མི་མཐུན་པའི་གཙོ་གནས་ནི། McMohan Line ཟེར་བའི་ས་མཚམས་ཀྱི་ས་ཐིག་དེར་ཐུག་གི་ཡོད། དེ་ནི་ཕྱི་ལོ་ ༡༩༡༤ ལོར་བོད་དང་རྒྱ་གར་དབྱིན་ཇིའི་སྐུ་ཚབ་དབར་སིམ་ལའི་ཆིངས་ཡིག་བཞག་སྐབས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ་གཏན་འབེབས་བྱས་པ་ཞིག་ཡིན་པ་རེད། འོན་ཀྱང་རྒྱ་ནག་གིས་ས་ཐིག་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎