རྒྱ་གར་གཞུང་གིས་སྟོན་པའི་རིང་སྲེལ་ལོ་ངོ་༢༩ རྗེས་སུ་སོག་ཡུལ་དུ་འགྲེམས་སྟོན་གནང་བ།

འདི་ཚེས་༡༣ཉིན་ས་ག་ཟླ་བའི་དུས་ཆེན་དང་བསྟུན་རྒྱ་གར་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རན་རི་ཇུ་ཇུ་མཆོག་གིས་སྟོན་པ་བཅོམ་འདས་ལྡན་གྱི་རིང་སྲེལ་སོག་ཡུལ་དུ་གདན་འདྲེན་ཞུས་ཏེ་ཉིན་གྲངས་༡༡རིང་འགྲེམས་སྟོན་གནང་བཞིན་ཡོད་པ་དེ་ནི་ལོ་ངོ་༢༩རྗེས་ཀྱི་ཐོག་མ་དེ་ཆགས་ཀྱི་ཡོད་པ་དགའ་ལྡན་ཤར་རྩེའི་མཁན་ཟུར་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་བྱང་ཆུབ་ཆོས་ལྡན་ལགས་ཀྱི་འགྲེལ་བརྗོད་གནང་བྱུང་།
ས་ག་ཟླ་བའི་ཚེས་པ་༡༥ཉིན་དང་བསྟུན་སྟོན་པའི་རིང་སྲེལ་འགྲེམས་སྟོན་གྱི་མཛད་སྒོའི་སྟེང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྩལ་བའི་ནང་། ༸གོང་ས་མཆོག་དེ་སྔོན་ཕྱི་ལོ་༡༩༧༩ལོར་སོག་ཡུལ་དུ་ཐོག་མར་ཆིབས་སྒྱུར་བསྐྱངས་སྐབས་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་དགེ་འདུན་པ་ཚོས་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་སྐབས་དགེ་འདུན་པ་དག་གིས་ཁ་འདོན་གནང་པ་དེས་མགོན་གང་ཉིད་ལ་སྤྱན་ཆབ་ཤོར་དུ་བཅུག་ཡོད་པའི་སྐོར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་མཛད་སྒོའི་སྟེང་རྒྱ་གར་སྲིད་བློན་གྱི་སྐུ་ཚབ་སྐུ་ཞབས་ཀི་རན་རི་རྗུ་རྗུ་མཆོག་གིས་དབུས་པའི་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གི་མཁན་པོ་ནོ་མན་ཁྭན་དེ་བཞིན་སོག་པའི་གྲོགས་ཚོགས་ཀྱི་ཚོགས་གཙོ་རྫན་རྡན་ཤ་ཏྲར་མགོན་སྦོ་ཇཝ་མཆོག་དང་བ་ཀུ་ལ་རིན་པོ་ཆེ་སྐུ་ཕྲེང་ཉི་ཤུ་པ་བསྟན་འཛིན་ངག་དབང་འཇིག་མེད་སོགས་མཉམ་བཞུགས་གནང་འདུག
དེ་སྔོན་སོག་ཡུལ་དུ་ས་ག་ཟླ་བའི་ཚེས་པ་༡༥ནི་གཞུང་ཕྱོགས་ནས་གུང་སེང་གནང་གིས་མེད་ཀྱང་ཕྱི་ལོ་༢༠༡༩ནས་བཟུང་གཞུང་འབྲེལ་གྱིས་གུང་སེང་ལ་ངོས་འཛིན་གནང་ཡོད་པ་དང་ད་རེས་སྟོན་པའི་རིང་སྲེལ་གྱི་འགྲེམས་སྟོན་མཛད་སྒོའི་སྐབས་མི་དམངས་མང་པོ་འཛོམས་པ་དེ་འདྲ་དེ་སྔོན་བྱུང་མྱོང་མེད་སྐོར་ཏེ་ལོ་རིན་པོ་ཆེས་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་སོག་ཡུལ་དུ་ཕྱི་ལོ་༢༠༡༥ལོར་ཕེབས་ཏེ་ཡུལ་གཉིས་ཀྱི་དབར་འབྲེལ་ལམ་དམ་གཟབ་བྱུང་ཡོད་པ་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རན་རི་ཇུ་ཇུ་མཆོག་གིས་འགྲེལ་བརྗོད་གནང་འདུག
གཞི་རྩའི་རྒྱ་གར་གཞུང་དང་སོག་ཡུལ་ནི་ཆོས་དང་རིག་གཞུང་གི་ཐོག་ནས་ལོ་མང་ནས་འབྲེལ་བ་ཡོད་པ་མ་ཟད་དེ་སྔོན་སོག་པོ་རང་བཙན་ཐོབ་མ་ཐག་ཏུ་རྒྱ་གར་གཞུང་ནས་བ་ཀུ་ལ་རིན་པོ་ཆེ་སྐུ་ཕྲེང་བཅུ་དགུ་པ་དེ་ཉིད་སོག་ཡུལ་དུ་རྒྱ་གར་གི་གཞུང་ཚབ་ཆེན་མོར་བསྐོ་བཞག་གནང་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།