བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས།

རྒྱ་གར་མང་གཙོའི་གཞུང་དབུ་བརྙེས་ནས་ལོ་ངོ་༧༢འཁོར་བའི་དུས་ཆེན་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་གནང་སོང་།
ཕྱི་ལོ་༢༠༢༡ཟླ་༡ཚེས་༢༦ཉིན་ནི་རྒྱ་གར་གྱི་རྩ་ཁྲིམས་གཏན་འབེབས་བྱས་བ་དང་། མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་༧༢འཁོར་བའི་དུས་དྲན་གྱི་ཉིན་མོ་ཞེས། རྒྱ་གར་རྒྱལ་ཡོངས་ནང་དུ་སྲུང་བརྩི་བྱེད་བཞིན་པ་ལྟར། རྒྱ་གར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། དྲུང་ཆེ་ཆུང་རྣམ་པ་ལྷན་འཛོམས་ཀྱིས་སྲིད་ཚབ་མཆོག་ནས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་གནང་སྟེ་རྒྱ་གར་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་མི་ལོ་༧༢འཁོར་བའི་དུས་དྲན་སྲུང་བརྩི་ཞུས་བ་དང་། སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་རྒྱ་གར་ནི་འཛམ་གླིང་ནང་མིག་དཔེར་འོས་པའི་མང་གཙོའི་རྒྱལ་ཁབ་ཤིག་ཆགས་ཡོད་པ་མ་ཟད། བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་བའི་རྒྱལ་ཁབ་ཤིག་ཡིན་པར་བརྟེན། ད་རེས་གོ་སྐབས་བརྒྱུད་ནས་ངོས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ནས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་དང་བཀྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུང་གནང་སོང་།
ཡང་སྲིད་ཚབ་མཆོག་གིས་བོད་ནང་གི་བོད་མི་ཚོར་མང་གཙོའི་རང་དབང་མེད་པར་དཀའ་སྡུག་མྱོང་བཞིན་པ་རྣམས་དཀའ་ངལ་ལས་གྲོལ་ཏེ་མང་གཙོའི་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོང་བའི་སྨོན་འདུན་དང་མཉམ་བཙན་བྱོལ་བོད་མི་ཚོས་རྩ་ཆེའི་མང་གཙོའི་ལམ་ལུགས་འདི་མིང་དོན་མཚུངས་པ་ཞིག་གི་ཐོག་ལག་བསྟར་ཡོང་ཐབས་འབད་བརྩོན་བྱེད་གལ་ཆེ་བ་གསུང་གནང་སོང་།
དེ་བཞིན་གོང་ཚེས་ཉིན་ཧི་མ་ཅལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱིས་རྡ་སའི་ཉེན་རྟོག་པའི་ཐང་ཆེན་དུ། རྒྱ་གར་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་མཛད་སྒོ་དེ་བཞིན་ལོ་ལྟར་གོ་སྒྲིག་གནང་གི་ཡོད་པ་བཞིན། ད་རེས་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་བཀའ་ཤག་གི་སྐུ་ཚབ་ཀྱི་ངོ་བོར་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་རེད།
ཕྱི་ལོ་༡༩༥༠ལོའི་ཕྱི་ཟླ་༡པོའི་ཚེས་༢༦ཉིན་མོར། རྒྱ་གར་གྱི་རྩ་ཁྲིམས་གསར་པ་གཏན་འབེབས་བྱས་ཏེ་རྒྱ་གར་རྒྱལ་ཁབ་དེ་བཞིན་དངོས་སུ་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཤིག་ཆགས་ཡོད་པ་དང་། ཉིན་མོ་དེར་རྒྱ་གར་མང་གཙོའི་ཉིན་མོ་ཞེས་སྲུང་བརྩི་བྱེད་བཞིན་པ་རེད། ཉིན་དེར་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དབུ་བཞུགས་ཐོག་རྒྱ་གར་གྱི་མངའ་སྡེ་སོ་སོས་རིག་གཞུང་འཁྲབ་སྟོན་དང་སྦྲགས། རྒྱ་གར་གྱི་དཔུང་དམག་སྡེ་ཚན་ཚོས་རུ་སྒྲིག་གི་ལམ་ནས་དུས་དྲན་དེ་ཉིད་ལ་ཆེ་མཐོང་གིས་སྲུང་བརྩི་ཞུས་ཡོད་པ་རེད།