རྒྱ་ནག་གིས་ཀ་ཤེ་མིར་སྐོར་གཏམ་བཤད་གང་བྱུང་བཤད་པ།
2010.09.04
༄༅༎བར་ལམ་རྒྱ་ནག་གཞུང་གིས་རྒྱ་གར་ཁོངས་གཏོགས་ཀ་ཤེ་མིར་བདག་དབང་ཐད་གཏམ་བཤད་གང་བྱུང་བཤད་པ་དེར་རྒྱ་གར་གཞུང་གིས་སྐྱོན་བརྗོད་གནང་འདུག
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སེ་ཨེམ་ཀིརི་ཤི་ན་མཆོག་གིས་ཕྱི་སྲིད་ལས་ཁུངས་ཀྱི་སློབ་སྟོན་ཚོགས་ཆུང་ལྷན་འཛོམས་ཀྱི་ཞོར་དུ་བར་ལམ་རྒྱ་ནག་གཞུང་གིས་ཇྭ་མུ་ཀ་ཤེ་མིར་སྐོར་རྒྱ་ནག་གཞུང་གིས་གཏམ་བཤད་འདྲ་མིན་བཤད་པའི་སྐོར་བཀའ་མོལ་གནང་ཡོད་འདུག ཁོང་གིས་ས་ཁུལ་དེ་ནི་རྒྱ་གར་ནས་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཡིན་པས་ རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཞིག་གི་ཉེ་དུས་བསམ་ཤེས་མེད་པར་གང་བྱུང་གཏམ་བཤད་བྱས་པ་དེ་ངོས་ལེན་བྱེད་ཐབས་མེད་པ་དེ་རྒྱ་ནག་གཞུང་གིས་ངོས་ལེན་གནང་བའི་རེ་བ་ཡོད། ང་ཚོས་རྒྱ་ནག་གི་གཞུང་ཚབ་ལ་དེའི་སྐོར་ལམ་སྟོན་གནང་ཡོད་ཅེས་གསུངས་གནང་འདུག
ཉེ་བའི་དུས་སུ་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇང་ཡུ་ཡིས་རྒྱ་ནག་གཞུང་གིས་རྒྱ་གར་ཁོངས་གཏོགས་ཟེར་བའི་ཀ་ཤེ་མིར་གྱི་ཡུལ་མི་ཚོར་རྒྱ་ནག་གཞུང་གིས་ཕྱོགས་བསྐྱོད་ལག་འཁྱེར་ཟུར་དུ་སྤྲོད་སྲོལ་ཡོད་པ་དེར་འགྱུར་བ་མེད་ལུགས་འགྲེལ་བརྗོད་བྱས་ཡོད་རེད། དེའི་དབར་ལ་རྒྱ་གར་གཞུང་གིས་པ་ཀི་སི་ཐན་ཁོངས་གཏོགས་ཀ་ཤེ་མིར་ནང་རྒྱ་མིའི་དམག་མི་འཛུལ་ཞུགས་བྱས་ཡོད་པའི་སྐོར་གླེང་སློང་གནང་ཡོད་འདུག
ཨ་རིའི་ནིའུ་ཡོག་ཀྲའེམསེ་གསར་ཤོག་ནང་གྭིལ་གིཊི་དང་བྭལྟིསེ་ཐན་གཉིས་ནང་རྒྱ་ནག་དམག་མི་འཛུལ་ཞུགས་བྱས་ཡོད་པའི་གནས་ཚུལ་ཞིག་ཀྱང་ཐོན་འདུག འོན་ཀྱང་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་རེད༎