རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་ཀྱི་དམག་དཔུང་འགྲེམས་འཇོག་ཐད་ཞི་འགྲིག་བྱུང་ཡོད་སྐོར། རྒྱ་གར་ཕྱི་སྲིད་དྲུང་ཆེ་ནས་བརྗོད་འདུག

* གནས་ཚུལ་ཁ་སྣོན་བྱས་ཡོད།
འདས་པའི་ལོ་ཤས་ནས་བཟུང་རྒྱ་དཀར་ནག་གཉིས་ཧིན་བོད་ས་མཚམས་ཁུལ་དུ། དམག་མིས་གདོང་ཐུག་དང་རྩོད་རྙོག་རིམ་པར་བྱུང་སྟེ། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་དྲག་ཆས་དམག་མི་གཙོས་གོ་མཚོན་རིགས་འགྲེམས་འཇོག་ཤུགས་ཆེར་བྱས་ཡོད་པ་བཞིན། ཟླ་ ༡༠ ཚེས་ ༢༡ ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ (Vikram Misri) ལགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་དཀར་ནག་གཉིས་ནས་ཡུན་རིང་གྲོས་མོལ་བརྒྱུད་ལ་དྭགས་ཤར་རྒྱུད་གཙོས་ཧིན་བོད་ས་མཚམས་ཁུལ་དུ། ས་མཚམས་རྩོད་རྙོག་གི་གནས་བབ་ཞི་འགྲིག་ཡོང་སྐོར་བསྒྲགས་ཡོད་པ་དེར། རྒྱལ་སྤྱིའི་ཉམས་ཞིབ་པ་མང་པོས་གནད་དོན་དེ་ནི་ཟླ་འདིའི་ཚེས་ ༢༢ ཉིན་ཨུ་རུ་སུར་ཚོགས་བཞིན་པའི་བྷི་རིག་ཁིས་ (BRICS) ཚོགས་འདུ་དང་འབྲེལ། རྒྱ་དཀར་ནག་གཉིས་ཀྱི་འགོ་ཁྲིད་གཉིས་ཐུག་འཕྲད་བྱ་འཆར་ཡོད་པར་ལམ་ཁ་བཟོ་ཆེད་ཙམ་ལས། ས་མཚམས་ཞི་འགྲིག་གནས་འཇགས་ཤིག་ཡོང་ཐབས་མེད་པའི་བསམ་ཚུལ་བརྗོད་ཀྱང་། རྒྱ་གར་ཕྱི་སྲིད་བློན་ཆེན་(S. Jaishankar)ལགས་ནས་གནད་དོན་དེ་ནི་རྒྱ་ནག་མཉམ་བཟང་ཕྱོགས་ཀྱི་གོམ་སྟབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
རྒྱ་གར་ཕྱི་སྲིད་དྲུང་ཆེ་(Vikram Misri)ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས། རྒྱ་དཀར་ནག་གཉིས་ནས་དུས་ཡུན་རིང་པོ་ནས་ཕན་ཚུན་ཞི་འགྲིག་དང་། ས་མཚམས་གནས་བབ་བརྟན་བརླིང་ཡོང་ཆེད་གྲོས་མོལ་རིམ་པ་བརྒྱུད། ས་མཚམས་ཀྱི་དམག་དཔུང་འགྲེམས་འཇོག་གི་གནས་བབ་ཞི་འགྲིག་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་བརྗོད་འདུག་ལ། གནད་དོན་དེ་དང་འབྲེལ་རྒྱ་གར་གྱི་ཆེད་མཁས་ཉམས་ཞིབ་པ་དང་སྲིད་དོན་དབྱེ་ཞིབ་པ་ (Brahma Chellaney) ལགས་ནས། སྒེར་གྱི་སྤྱི་ཚོགས་དྲ་ལམ་(X) ཐོག ས་མཚམས་ཀྱི་གནད་དོན་ཞི་འགྲིག་ཡོང་བར་རྒྱ་ནག་ཕྱོགས་ནས་དམག་མི་ཕྱིར་འཐེན་དང་། དམག་མི་མང་དུ་མི་གཏོང་བ། དམག་མི་གསར་འཛུགས་མི་བྱེད་པ་བཅས་དོན་གནད་ཆེན་པོ་གསུམ་ལག་བསྟར་དགོས་ཀྱང་། ད་ཆ་རིམ་པ་དང་པོ་ཙམ་གྲུབ་པ་ལས། རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་གཏན་འཇགས་དམག་སྒར་ཆེད་འཛུགས་ཀྱིས་དམག་འཁྲུག་ལ་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་དེས། རིམ་པ་གཉིས་པ་དང་གསུམ་པ་སོགས་དཀའ་ལས་ཁག་པོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དེའི་ཐད་ཐེ་ཝན་དུ་གནས་སྡོད་ཐེ་ཝན་དང་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་(Sana Hashmi)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་རྒྱ་དཀར་ནག་གཉིས་བར་གྲོས་མཐུན་བྱུང་བ་ནི་འཕགས་བོད་ས་མཚམས་སུ་དམག་དཔུང་འགྲེམས་འཇོག་ཕྱིར་འཐེན། ས་མཚམས་དང་འབྲེལ་ཕྱོགས་གཉིས་བར་ཕྱི་འབྲེལ་གནང་སྟངས་སོགས་རེད། འདི་ནི་འདས་བའི་ལོ་བཞི་ཙམ་ལ་གླེང་བཞིན་པ་དེ་རེད། ས་མཚམས་ཀྱི་གནས་སྟངས་ཐད་ནས་བཤད་ན། རྒྱ་གར་གྱི་ཕྱོགས་ནས་གང་ཐུབ་བྱས་ཡོད་ལ། རྒྱ་ནག་གཞུང་གི་ས་མཚམས་དང་འབྲེལ་ནས་བྱ་སྤྱོད་སྤེལ་སྟངས་ཐད་ཆ་རྒྱུས་ཡོད་ངེས་རེད། དེ་བས་ད་རེས་གྲོས་མོལ་སྐབས་རྒྱ་གར་ཕྱོགས་ནས་ཆག་ཡང་སོགས་གང་ཡང་བཏོན་མེད་པར་རྒྱ་ནག་གི་ཕྱོགས་ནས་ཆག་ཡང་ཞི་འགྲིག་ཡོང་ཐབས་བྱས་བར་ཡིད་ཆེས་ཡོད། དེའི་རྒྱུ་མཚན་གཅིག་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གར་གྱི་སྲིད་བློན་མོ་དྷིས་(Modi)་དང་དངོས་སུ་མཇལ་འཕྲད་བྱེད་འདོད་བྱེད་བཞིན་པ་དེ་ཡིན་སྲིད། དབུ་ཁྲིད་གཉིས་༢༠༡༩ལོ་ནས་མཇལ་འཕྲད་བྱུང་མེད། འདས་བའི་ཉམས་མྱོང་ལ་བལྟས་ན་འདི་ནི་ས་མཚམས་ཀྱི་གནས་སྟངས་འགྲིག་མཐུན་བྱུང་བ་མིན་པར་གནས་སྐབས་ཀྱི་ཞི་འགྲིག་ཙམ་རེད་ཅེས་ངོ་སྤྲོད་གནང་བྱུང་།
རྩ་བའི་འདི་ལོའི་ཟླ་ ༩ ནང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ (S. Jaishankar) ལགས་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཐད་གྲོས་མོལ་བརྒྱུད། ཕྱོགས་གཉིས་ཀྱི་དམག་དཔུང་འགྲེམས་འཇོག་ཕྱིར་འཐེན་གཙོས་དཀའ་ཁག་བརྒྱ་ཆ་ ༧༥ ཙམ་སེལ་ཐུབ་ཡོད་པ་དེས་ཞི་འགྲིག་ཡོང་གཞིར་གྱུར་ཡོད་ཅེས་བསྒྲགས་ཡོད་འདུག
ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་ནས་ལ་དྭགས་ཀྱི་གྷལ་ཝན་ལུང་ཁུལ་དུ། ཕྱོགས་གཉིས་ཀྱི་དམག་དཔུང་བར་གདུང་ཐུག་དང་དམག་མིར་ཤི་སྐྱོན་སོགས་ཀྱི་གནད་དོན་དང་འབྲེལ། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་དང་། རྒྱ་དཀར་ནག་གཉིས་ནས་འདས་པའི་ལོ་ངོ་བཞི་རིང་ས་མཚམས་རྩོད་རྙོག་གི་གནད་དོན་ཞི་འགྲིག་མ་ཐུབ་པར་ལྷག་ཡོད་རྐྱེན། ཕྱོགས་གཉིས་ཀྱི་དམག་དཔུང་དང་མཐོ་རིམ་འགོ་ཁྲིད་བར་གྲོས་མོལ་ཐེངས་མང་བྱས་ཀྱང་ད་བར་གྲུབ་འབྲས་དམིགས་བསལ་སོན་མེད་པ་རེད་ལ།འདས་པའི་ལོ་ངོ་བཞིའི་རིང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དང་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་འབྲེལ། རྒྱ་གར་གྱིས་རྒྱ་ནག་གི་ཁ་པར་མཉེན་ཆས་མང་པོ་བཀག་འགོག་དང་། རྒྱ་ནག་གི་ཚོང་ཟོག་བཙོང་མཚམས་འཇོག་ཡོད་ཅིང་། ཕྱོགས་གཉིས་ཀས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་བ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་ཐབས་མུ་མཐུད་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།