རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་ཕྱིར་འཐེན།
2011.11.26
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་གལ་ཆེ་ཞིག་བསྐོང་ཚོགས་གནང་རྒྱུ་དང་།དེའི་དབུ་འབྱེད་ཀྱི་མཛད་སྒོར་རྒྱ་གར་གྱི་སྲིད་བློན་ མན་མོ་ཧན་སིངག་མཆོག་ཆེད་ཕེབས་གནང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། ཚོགས་འདུའི་མཇུག་སྡོམ་གསུང་བཤད་གནང་མཁན་གྱི་སྐུ་མགྲོན་གཙོ་བོར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ལྟར་ཆིབས་བསྒྱུར་གནང་རྒྱུའི་ཚོད་དཔག་ཞུ་བཞིན་ཡོད་པར་བརྟེན། རྣམ་ཀུན་ལྟར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།
རྒྱ་གར་དང་རྒྱ་ནག་གི་སྐུ་ཚབ་དབར་ས་མཚམས་ཀྱི་རྩོད་གཞིའི་གནད་དོན་ཐད་གྲོས་མོལ་ཐེངས་བཅོ་ལྔ་པ་དེ་བྱ་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གིས་ རྒྱ་གར་གཞུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་ལྷན་ཚོགས་དེའི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་རིམ་ཕྱིར་འཐེན་དགོས་ལུགས་བརྗོད་སྟེ་དེར་ངོ་རྒོལ་མཚོན་ཆེད་ རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་ཀྱི་རྩོད་གཞིའི་གྲོས་མོལ་བྱེད་རྒྱུུ་མིན་པ་བརྗོད་འདུག།
སྔོན་འཆར་ལྟར་ན། རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ཏའེ་ཕིང་ཀུའོ་དང་། རྒྱ་གར་གྱི་དམིགས་བསལ་སྐུ་ཚབ་ཤིལྦ་ཤང་ཀར་མེ་ནེན་དབར་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ས་མཚམས་ཀྱི་གནད་དོན་ཐད་གྲོས་མོལ་གནང་པའི་ནང་དོན་མཇུག་སྐྱོང་ཆེད་སླར་ཡང་གྲོས་མོལ་གནང་རྒྱུ་ཡིན་ན་ཡང་། ད་ཆ་རྒྱ་ནག་གཞུང་ཕྱོགས་ནས་གྲོས་མོལ་ཕྱིར་འཐེན་བྱས་པར་བརྟེན་སླར་ཡང་གྲོས་མོལ་འགོ་འཛུགས་ནམ་ཡོང་གསལ་ཁ་མེད་པར་གྱུར་ཡོད་པ་རེད།།