རྒྱ་དཀར་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་འགྲོ་བཞིན་པ།
2008.12.21
༄༅༎རྒྱ་དཀར་ནག་གཉིས་ནས་ཨ་རིར་དངོས་ཟོག་ཕྱིར་བཙོང་གི་བསྡོམས་འབོར་ཇེ་ཉུང་དུ་འགྲོ་བཞིན་པས་ཡུལ་འདི་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་ཅི་ཆེ་འགྲོ་བཞིན་པ་རེད། རྒྱ་དཀར་ནག་གཉིས་སོ་སོའི་མི་འབོར་ཐེར་འབུམ་བརྒལ་བ་ཡོད་ཀྱང་དེང་སྐབས་རྒྱ་དཀར་ནག་གཉིས་ཀྱིས་དངོས་ཟོག་ཉོས་པའི་བསྡོམས་འབོར་ལས་ཨ་རིས་དངོས་ཟོག་ཉོས་པའི་བསྡོམས་འབོར་ལྡབ་ལྔ་ཙམ་མང་བ་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་ཚོང་ལས་ཉམས་ཞིབ་ཚན་པས་བཏོན་པའི་སྙན་ཐོར་གཞིགས་ན་རྒྱ་ནག་གི་ལོ་འཁོར་གཅིག་ནང་མཁོ་ཆས་བེད་སྤྱད་པའི་བསྡོམས་འབོར་ཨ་སྒོར་ཁྲག་ཁྲིག་ཆེ་མོ་གཅིག་དང་ཚེག་གསུམ་བྱེད་ཀྱི་ཡོད་ཅིང་ཕེརན་སི་རྒྱལ་ཁབ་ཀྱི་ལོ་འཁོར་གཅིག་ནང་མཁོ་ཆས་བྱེད་སྤྱད་པའི་བསྡོམས་འབོར་ཁྲག་ཁྲིག་ཆེ་མོ་གཅིག་དང་ཚེག་བཞི་དང་ཨ་རིའི་ལོ་འཁོར་གཅིག་ནང་མཁོ་ཆས་བེད་སྤྱད་པའི་བསྡོམས་འབོར་ཁྲག་ཁྲིག་ཆེ་མོ་དགུ་དང་ཚེག་དགུ་ཙམ་བྱེད་ཀྱི་ཡོད་པ་རེད། ཡང་རྒྱ་གར་གྱི་ལོའཁོར་གཅིག་ནང་མཁོ་ཆས་བེད་སྤྱད་པའི་བསྡོམས་འབོར་ཐེར་འབུམ་དྲུག་རྒྱ་དྲུག་ཅུ་ཙམ་བྱེད་ཀྱི་ཡོད་ཅིང་དེ་ནི་རྒྱ་ནག་གི་བསྡོམས་འབོར་གྱི་ཕྱེད་ཙམ་ཟིན་གྱི་ཡོད་པ་རེད། འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་འདིར་རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་ལ་དོ་ཕོག་འགྲོ་ངེས་ཡིན་པ་རེད། རྒྱ་ནག་གི་དངོས་ཟོག་ཕྱིར་བཙོང་ཇེ་ཉུང་དུ་འགྲོ་བཞིན་པས་ཡུལ་མི་མང་པོའི་འཚོ་རྟེན་ལ་དཀའ་ངལ་འཕྲད་བཞིན་པ་རེད། ཡང་རྒྱ་དཀར་ནག་གཉིས་ནས་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་སུམ་ཅུ་སོ་ལྔ་ཙམ་དངོས་ཟོག་ཕྱིར་བཙོང་ལ་བརྟེན་གྱི་ཡོད་པ་དང་རྒྱ་གར་གྱི་དཔལ་འབྱོར་བརྒྱ་ཆ་ཉི་ཤུ་ཙམ་ཕྱིར་བཙོང་ལ་བརྟེན་གྱི་ཡོད་པ་རེད། ཨ་རི་དང་ཡོ་རོབ་བཅས་ཡུལ་གྲུ་ཕལ་མོ་ཆེའི་ནང་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་འཕྲད་བཞིན་པའི་ཤུགས་རྐྱེན་རྒྱ་དཀར་ནག་གཉིས་ལ་ཐེབས་ངེས་ཀྱང་དཔལ་འབྱོར་འཕེལ་རྒྱས་སྔར་རྒྱུན་ལས་དམའ་བ་ཡོང་བ་ལས་ཉམས་རྒུད་ཀྱི་དཀའ་རྙོག་འཕྲད་བཟོ་མེད་པ་རེད༎