རྒྱ་གར་ནི་རྨང་གཞི་མང་གཙོའི་ལམ་ནས་བཙུགས་སྟབས་སྤྱི་ཚོགས་ཀྱི་སྒྲོམ་གཞི་སྲ་བརྟན་ཐོག་གནས་ཐུབ་ཡོད། ༧གོང་ས་མཆོག་གིས།

2022.08.15
རྒྱ་གར་ནི་རྨང་གཞི་མང་གཙོའི་ལམ་ནས་བཙུགས་སྟབས་སྤྱི་ཚོགས་ཀྱི་སྒྲོམ་གཞི་སྲ་བརྟན་ཐོག་གནས་ཐུབ་ཡོད། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ། ༠༨།༡༣།༢༠༢༢
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་གཞི་རིམ་སྤྱི་ཚོགས་ཀྱི་སྒྲོམ་གཞི་སྲ་བརྟན་ཐོག་གནས་ཐུབ་པ་ནི། མི་ཐོག་མང་པོའི་སྔོན་ནས་གཞུང་གི་ལམ་ལུགས་ཀྱི་རྨང་གཞི་མང་གཙོ་བརྟན་པོ་ཞིག་གི་ཐོག་བཙུགས་གནང་པ་ལས་བྱུང་བ། རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་༧༥འཁོར་བའི་དུས་ཆེན་ཐོག་རྒྱ་གར་གྱི་(ONMANORAMA)་གསར་འགྱུར་བརྒྱུད་ལམ་གྱིས་སྐྱབས་འཇུག་ཞུས་པ་ལྟར་ཡིག་ཐོག་བསྩལ་བའི་བཀའ་ཡིག་ཞིག་གི་ནང་བཀའ་གནང་འདུག
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་དེའི་ནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མང་གཙོའི་ལམ་ལུགས་སྲ་བརྟན་ཡོད་པ་དེའི་ཐོག་ནས་རྒྱ་གར་ནང་མི་རིགས་དང་ཆོས་ལུགས་འདྲ་མིན་འདྲ་མཉམ་གྱི་ཐོག་ནས་མཉམ་གནས་ཐུབ་བཞིན་ཡོད་པ་དང་། དེ་དེང་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཡུལ་ལ་དྭགས་ཡུལ་གྱི་ནང་། ནང་པ་དང་ཁ་ཆེ། ཡེ་ཤུ་དང་ཧིན་རྡུ་ཆོས་བྱེད་པ་སོགས་ཞི་བདེའི་ཐོག་ནས་མཉམ་གནས་བྱེད་བཞིན་པ་ལས་ཤེས་རྟོགས་ཐུབ་པ་ཡིན་པ་བཀའ་གནང་འདུག
ད་དུང་བཀའ་ཡིག་ནང་། རྒྱ་གར་གྱི་ངོས་ནས་འདས་པའི་ལོ་ངོ་༧༥དེའི་རིང་ཚན་རིག་དང་འཕྲུལ་རིག་གི་ཐོག་ནས་རྒྱ་གར་ཕྱི་ནང་གཉིས་ཀར་ལེགས་སྐྱེས་ཆེན་པོ་ཕུལ་ཐུབ་ཡོད་པར་བསྔགས་བརྗོད་གནང་པ་དང་སྦྲགས། དེང་གི་འཛམ་གླིང་ནང་དགོས་མཁོ་ཆེ་བའི་འཚེ་མེད་ཞི་བའི་ལྟ་གྲུབ་དར་སྤེལ་གཏོང་རྒྱུའི་ཐད་ལ་ཡང་རྒྱ་གར་ལ་འོས་འགན་ཆེན་པོ་ཡོད་པ་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་སྐུ་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་མཛད་རྒྱུ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོའི་ཐད་ཐུགས་འཁུར་ཆེ་བཞེས་གནང་བཞིན་ཡོད་པ་བཀའ་གནང་འདུག་ལ། རྒྱ་གར་གྱི་ངོས་ནས་ཀྱང་རྒྱ་གར་གྱི་དེང་དུས་ཤེས་ཡོན་ལམ་ལུགས་ནང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་ཁག་ཆོས་ལུགས་ལ་མ་འབྲེལ་བའི་ཐོག་ནས་འཇུག་ཐབས་བྱེད་དགོས་པའི་དགོངས་ཚུལ་ད་རེས་སླར་ཡང་དོ་ནན་གྱིས་གསུང་རྒྱུ་ཡིན་པ་བཀའ་གནང་འདུག
ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་མང་གཙོའི་ལམ་ལུགས་ལ་དེ་སྔོན་ཕྱི་ལོ་༡༩༥༦ལོར་ཐོག་མར་རྒྱ་གར་དུ་ཆིབས་བསྒྱུར་གནང་སྐབས་ནས་ཐུགས་མོས་ཆེན་པོ་བྱུང་བ་བཀའ་གནང་། དཔེར་ན། སྐབས་དེར་རྒྱ་གར་གྱི་གྲོས་ཚོགས་ནང་འཐུས་མི་སོ་སོའི་བསམ་ཚུལ་འཇིགས་ཞུམ་མེད་པའི་ཐོག་ནས་ལྷུག་པོར་བརྗོད་པ་ནི། ཕྱི་ལོ་༡༩༥༤དང་༥༥ ལོར་རྒྱ་ནག་ཏུ་ཆིབས་བསྒྱུར་སྐབས། རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ནང་གི་བྱེད་ལས་ཧ་ཅང་མི་འདྲ་བ་ཞིག་ཡིན་པའི་གཟིགས་ཚུལ་ངེས་རྙེད་བྱུང་བ་བཀའ་གནང་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎