བོད་ནང་བོད་མིའི་འཚོ་བའི་གནས་སྟངས་ཉག་ཕྲ་བོ་ཡོད་པ།
2014.01.19

༄༅༎གསེར་རྟ་དང་མགོ་ལོག་ཁུལ་ཚོང་ལས་བྱེད་མཁན་ཕལ་ཆེ་བ་རྒྱ་རིགས་ཡིན་པ་དང་། སྡེ་དགེ་དང་ ཉག་རོང་། དཀར་མཛེས་ཁུལ་བོད་རིགས་སློང་མོ་བ་མང་དུ་འགྲོ་བཞིན་པའི་གནས་ཚུལ་འདུག དེ་ཡང་འདི་གའི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་ བོད་རིགས་དོ་སྣང་ཅན་ཞིག་གིས་ཞིབ་འཇུག་གནང་སྟེ་ངོ་སྤྲོད་གནང་བའི་ནང་། བོད་མི་དེས་ཕྱི་ལོ་༢༠༡༣་ལོའི་ཕྱི་ཟླ་༣་ཚེས་༡༢་ཉིན་གསེར་རྟ་རྫོང་དུ་རྒྱ་རིགས་ཀྱི་ཚོང་ཁང་ཆེ་ཆུང་བསྡོམས་༣༢༣དང་། བོད་རིགས་ཀྱི་ཚོང་ཁང་༡༣༠ཐམ་པ་ལས་མེད་པ་དང་། དེ་བཞིན་མགོ་ལོག་ཁུལ་དར་ལོག་རྫོང་དུ་རྒྱ་རིགས་ཚོང་ཁང་༢༢༠དང་ བོད་རིགས་ཚོང་ཁང་༡༢༠ལས་མེད་པ་སོགས་བོད་ཀྱི་ས་ཁུལ་གང་སར་རྒྱ་རིགས་ཀྱི་ཁེངས་ཏེ་ བོད་མི་རྣམས་གྲངས་ཉུང་ཆགས་བཞིན་ཡིན་པའི་ངོ་སྤྲོད་གནང་བཞག དེ་བཞིན་བོད་མི་དེས་བོད་ནང་རྒྱ་རིགས་མང་དུ་འགྲོ་བཞིན་པ་དེས་ དཔལ་འབྱོར་ཙམ་མ་ཡིན་པར་ བོད་མིའི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་ཡང་བརླག་འགྲོ་བའི་ཉེན་ཁ་ཡོད་ལུགས་གསུངས་བཞག ཡང་ཁོང་གིས་ དེང་སང་ཉག་རོང་དང་དཀར་མཛེས། སྡེ་དགེ་སོགས་ནང་བོད་རིགས་སློང་མོ་བ་ཧ་ཅང་མང་པོ་ཡོད་ལུགས་གསུངས་བཞག ཁོང་གིས་ལོ་ལྟར་དགོན་པའི་བདེ་ཆེན་བཞེངས་གྲུབ་ཆེན་པོ་ཞེས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་མི་མང་འདུ་འཛོམས་ཆེ་བའི་སྐབས་བོད་རིགས་སློང་མོ་བཞི་བརྒྱ་ལྷག་ཡོང་གི་ཡོད་པ་དང་སློང་མོ་ཞིག་ལ་སྐད་ཆ་དྲིས་སྐབས་ལས་ཀ་མ་རགས་པ་དང་ནང་མིའི་འཚོ་བའི་དཀའ་ངལ་རྐྱེན་པས་སློང་དགོས་ཆགས་སྐོར་འགྲེལ་བརྗོད་བྱས་བྱུང་ཞེས་གསུང་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།