རྡོ་རྗེ་རྒྱལ་པོ་ལགས་ཀྱིས་སྨན་ཁང་དུ་མུ་མཐུད་ཟས་བཅད་།
2012.03.22
༄༅༎ནིའུ་ཡོག་གྲོང་ཁྱེར་ནང་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་བོད་མི་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་མུ་མཐུད་སྨན་ཁང་ནང་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་རེད་བཞག
ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་དུས་ཚོད་ངེས་མེད་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་མི་གསུམ་ནས་ཨ་མི་རི་ཀའི་མངའ་སྡེ་མེ་ནི་སོའོ་ཀྲར་ནས་ཡིན་པ་རྡོ་རྗེ་རྒྱལ་པོ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་པར་བརྟེན་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པ་དང་ ཛ་དྲག་སྨན་བཅོས་ཚན་པ་མཉམ་རུབ་ཀྱིས་རྡོ་རྗེ་རྒྱལ་པོ་ལགས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཁྲིད་ཡོད་པ་རེད་ ད་ལྟའི་འཆར་རྡོ་རྗེ་རྒྱལ་པོ་ལགས་ནེའུ་ཡོག་སྨན་ཁང་དུ་བསྐྱལ་ནས་ཉིན་གྲངས་གསུམ་འགྲོ་གི་ཡོད་ཀྱང་མུ་མཐུད་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་བཅས་གྲོང་ཁྱེར་ནེའུ་ཡོག་ནང་བོད་མི་གསུམ་པོས་མུ་མཐུད་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་རེད་ རྡོ་རྗེ་རྒྱལ་པོ་ལགས་ཀྱི་སྨན་པས་ཁོང་གི་སྐུ་གཟུགས་གནས་སྟངས་ཀྱི་རྐྱེན་པས་ཞལ་ལག་བཞེས་དགོས་སྐོར་སློབ་སྟོན་གནང་ཀྱང་ཁོང་གིས་དེར་ངོས་ལེན་མ་གནང་བ་མ་ཟད་ ཁོང་གི་སྐུ་གཟུགས་གནས་སྟངས་སྐོར་ནང་མིར་བརྗོད་མི་དགོས་ ངས་ནང་མིར་ཐོག་མ་ནས་ངའི་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་ཡོད་ཀྱང་ཁྱེད་ཚོས་དེའི་ཐོག་སྤོབས་པ་བྱེད་དགོས་པ་ལས་སེམས་སྡུག་བྱེད་མི་དགོས་ཞེས་བརྗོད་ཟིན་པ་ཡིན་ དེ་ལས་མཉམ་སྦྲེལ་རྒྱལ་ཚོགས་ལ་འབྲེལ་བ་གནང་ནས་ང་ཚོས་བཏོན་པའི་དགོས་དོན་ལྔ་དེའི་ཐོག་ལ་འགན་ལེན་གནང་དགོས་ཀྱི་འདུག་ཅེས་འབོད་སྐུལ་གནང་རོགས་ཅེས་ཁོང་གི་སྨན་པར་གསུངས་ཡོད་ལུགས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསར་འགོད་པར་གསལ་སྟོན་གནང་འདུག