མེ་ཤལ་ཨོ་སྦ་མ་མཆོག་ནས་པེ་ཅིང་སློབ་གྲྭ་ཆེན་མོའི་ནང་གསུང་བཤད།
2014.03.22

༄༅༎ཨ་རིའི་སྲིད་འཛིན་ཨོ་སྦའ་མའི་སྐུ་ཟླ་ མེ་ཤལ་ ཨོ་སྦ་མ་མཆོག་གིས། དེ་རིང་སྤྱི་ཚེས་༢༢ཉིན་གྱི་སྔ་དྲོ་པེ་ཅིང་སློབ་གྲྭ་ཆེན་མོར་གཟིགས་སྐོར་དུ་ཕེབས་ཏེ་གསུང་བཤད་གནང་སྐབས། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། དེ་བཞིན་ཆ་འཕྲིན་རང་དབང་བཅས་ནན་བརྗོད་གནང་འདུག
དེའང་ལྕམ་ མེ་ཤལ་ ཨོ་སྦ་མ་མཆོག་ནས་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོར། དཔེ་ཆ་ཁྲི་ཁྲག་ཀློག་པ་ལས། ལེ་དབར་ཁྲི་ཁྲག་སྐྱོད་པ་ལེགས། ཞེས་པའི་བརྗོད་གཞིའི་ཐོག་ཁྱོན་དུས་ཡུན་སྐར་མ་ཉི་ཤུ་ཙམ་ཞིག་གི་གསུང་བཤད་གནང་ཡོད་པ་དང་། གསུང་བཤད་ཀྱི་ཐོག་མར་ལྕམ་མེ་ཤལ་ཨོ་སྦ་མ་མཆོག་གིས། མ་ལི་ཤི་ཡའི་དམངས་སྤྱོད་གནམ་གྲུ་གར་སོང་ཆ་མེད་དུ་འགྱུར་བའི་དོན་རྐྱེན་དེའི་ཐོག་དོ་ཁུར་དང་འཚམས་འདྲི་གནང་ཞིང་། དེ་ནས་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། དེ་བཞིན་ཆ་འཕྲིན་རང་དབང་བཅས་ནི་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱི་ཐོབ་ཐང་ཞིག་ཡིན་པ་དང་། གལ་ཏེ་སྤྱི་དམངས་ཡོངས་ཀྱི་སྐད་སྒྲ་དང་ལྟ་བ་ཚང་མ་ཉན་འཇོག་བྱེད་མཁན་བྱུང་ཚེ། རྒྱལ་ཁབ་སྔར་ལས་ལྷག་པའི་སྟོབས་ཤུགས་དང་ལྡན་ཞིང་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུ་ཡིན་པར་གསུངས་ཤིང་། ད་དུང་ལྕམ་མེ་ཤལ་ཨོ་སྦ་མ་མཆོག་གིས་མུ་མཐུད་གསུངས་པར། གཞན་གྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་དམིགས་བསལ་རང་བཞིན་ལ་བརྩི་མཐོང་བྱེད་དགོས་ལ། ད་དུང་རང་དབང་གི་ཐོག་ནས་སོ་སོའི་བསམ་དོན་མངོན་པར་བྱེད་རྒྱུ་དང་། རང་དབང་གི་ཐོག་ནས་དད་པ་བྱེད་ཡུལ་གདམས་ག་བྱེད་རྒྱུ་། དེ་བཞིན་ཆ་འཕྲིན་ཕྱི་གསལ་ནང་གསལ་བྱེད་རྒྱུ་བཅས་ནི་། མི་ཚང་མར་སྐྱེས་དུས་ནས་ལྡན་པའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡིན་པར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་སོགས་གསུངས་འདུག།
གསར་འགོད་པ་རིག་འཛིན།