ལོ་གཅིག་རིང་གླུ་ལེན་མི་ཆོག་པའི་བཙན་བཀའ་བཏང་འདུག
2017.02.17
ལ་རྒྱའི་གླུ་བ་ཨ་མཆོག་ཕུལ་བྱུང་ལགས་བཙོན་གྲོལ་བྱུང་ཡང་ལོ་གཅིག་རིང་གླུ་ལེན་མི་ཆོག་པ་དང་འོད་སྡེར་བཏོན་མི་ཆོག་པ་བཟོས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ལ་རྒྱའི་གླུ་བླངས་བར་བརྟེན་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་བ་ཨ་མཆོག་ཕུལ་བྱུང་ལགས་བཙོན་འཇུག་དུས་ཡུན་གཙང་ནས་ཉེ་ཆར་སྤྱི་ལོ་༢༠༡༧་ཟླ་༢་ཚེས་༢་ཉིན་ཟི་ཁྲོན་མེན་ཡཱང་བཙོན་ཁང་ནས་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་བདེ་འབྱོར་བྱུང་ཡོད།
འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་དོན། ཨ་མཆོག་ཕུལ་བྱུང་ལགས་བཙོན་གྲོལ་བྱུང་ཡང་། རྒྱ་ནག་གཞུང་གིས་ཁོང་ལ་མི་ལོ་གཅིག་གི་རིང་རིག་རྩལ་དགོང་ཚོགས་དང་འཁྲབ་སྟོན་སོགས་སུ་གླུ་ལེན་མི་ཆོག་པ་དང་། གླུ་གཞས་ཆེད་སྒྲིག་འོད་སྡེར་བཏོན་མི་ཆོག་པ། ཕ་ཡུལ་ཨ་མཆོག་དང་ཁ་བྲལ་ནས་ས་ཁུལ་གཞན་ལ་བསྐྱོད་མི་ཆོག་པ་དང་། གལ་སྲིད་བསྐྱོད་དགོས་བྱུང་ཚེ་ས་གནས་རྒྱ་ནག་གི་སྤྱི་བདེ་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་བ་སོགས་ཀྱི་བཙན་བཀའ་བཏང་ཡོད་པ་མ་ཟད། ལྷག་དོན་མ་འོངས་བའི་ནང་ཆབ་སྲིད་ཁྲིམས་འགལ་གྱི་ནང་དོན་ཡོད་པའི་གླུ་བླངས་ཚེ་ཁྲིམས་ཐོག་ནས་ནམ་ཡང་གུ་ཡངས་མེད་པའི་ཉེན་བརྡ་བཏང་ཡོད་འདུག
ཁོང་བཙོན་གྲོལ་བྱུང་སྐབས་ཉེན་རྟོག་པས་ཁོང་གི་ཕ་ཡུལ་གྱི་ཁྱིམ་ནང་བར་བསྐྱེལ་ནས་ལམ་བར་དུ་ཕེབས་བསུ་མི་ཆོག་པ་སོགས་བཤད་ཡོད་ཀྱང་། ཁོང་ཕ་ཡུལ་ལ་འབྱོར་སྐབས་མཚན་མོ་ཡིན་མིན་ལ་མ་བལྟོས་བར་ནང་མི་དང་སྡེ་མི་གཙོ་བའི་ཐག་ཉེ་རིང་གི་བོད་མི་ཚོ་ཁོང་ལ་འཚམས་འདྲི་དང་ཁ་བཏགས་འཐེན་པར་བཅར་མཁན་མི་གྲངས་སྟོང་བརྒལ་བ་བྱུང་བའི་ཁྲོད་གླུ་བ་དང་རྩོམ་པ་པོ་ཁག་གཅིག་ཡང་ཕེབས་ཡོད་འདུག
གོང་ཞུས་ཨ་མཆོག་ཕུལ་བྱུང་ལགས་ཀྱིས་སྤྱི་ལོ་༢༠༡༢་ལོར་བོད་ནང་གི་བོད་མིའི་སེམས་ཁམས་དང་གནས་སྟངས། ལྷག་དོན་༧གོང་ས་མཆོག་དྲན་པའི་གདུང་བ་སོགས་ཀྱི་གླུ་ཚིག་ནང་དོན་ལྡན་པའི་ཁོང་གི་ཆེད་སྒྲིག་གླུ་གཞས་འོད་སྡེར་ལྔ་པ་༼ཁུར་གྱིས་ནོན་པའི་ང་ཚོ་༽ཞེས་བ་འགྲེམས་སྤེལ་གནང་རྗེས། ༢༠༡༢་ལོའི་སྤྱི་ཟླ་༨་ཚེས་༣་ཉིན་གྱི་དགོང་མོར། རྔ་བ་ཁུལ་འབར་ཁམས་རྫོང་གི་ཇ་ཁང་ཞིག་ནས་གློ་བུར་དུ་འཛིན་བཟུང་རྗེས་དུས་ཡུན་གང་མཚམས་རིང་གསང་སྟབས་ཀྱིས་བཀག་ཉར་བྱས་ཡོད་ལ་རྗེས་སུ་མོ་ལོ་བཞིའི་ཁྲིམས་ཐག་བཅད་དེ་མེན་ཡཱང་བཙོན་ཁང་དུ་བཅུག་པ་རེད།
གཞས་པ་ཨ་མཆོག་ཕུལ་བྱུང་ལགས་ནི་རྔ་བ་ཁུལ་དམར་ཐང་ངམ་ཁྱུང་ཆུ་རྫོང་ཨ་མཆོག་སྡེ་བ་ནས་ཡིན་ལ། སྔོན་ཆད་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་བ་མ་ཟད། ཆུང་དུས་ནས་ཁོ་བོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་བོད་ནང་དུ་ཁྱབ་ཞིང་། སྔ་གཞུག་ཏུ་ཁོ་བོས་ཆེད་སྒྲིག་བརྙན་འཁོར་ལྔ་ལྷག་འགྲེམས་སྤེལ་བྱས་པར་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཁོ་བོས་རྒྱ་གཞུང་གི་བཙན་གནོན་སྡུག་སྦྱོང་ལ་མ་འཛེམས་པར་ལ་རྒྱའི་གླུ་དབྱངས་མང་དུ་བླངས་པར་བརྟེན་༼ལ་རྒྱའི་གླུ་བ༽ཞེས་འབོད་མཁན་ཡང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།