རྒྱ་ནག་ཨན་ཧུད་ཞིང་ཆེན་དུ་འབར་རྫས་གས་ཐོར་གྱི་དོན་རྐྱེན།
2009.06.22
༄༅༎རྒྱ་ནག་ཨན་ཧུད་ཞིང་ཆེན་ཕང་ཡང་ས་གནས་ཀྱི་རྡོ་སྲོལ་བསྔོགས་འདོན་བྱེད་མཁན་གྱི་ཁེ་ལས་ཚོང་གཉེར་ཁང་ཞིག་གི་ཐོག་རྩེགས་ཅན་གྱི་གཞུང་ལས་ཁང་ལ་གཟའ་ཉི་མའི་སྔ་དྲོ་འབར་རྫས་གས་ཐོར་ཕྱིན་ནས་མི་གྲངས་བཅུ་དྲུག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་བཞི་ཅུ་ཞེ་གསུམ་ལྷག་ཙམ་ལ་རྨས་སྐྱོན་ཕོག་པའི་དོན་རྐྱེན་དེའི་ཐོག་བརྟག་དཔྱད་བྱས་པ་བརྒྱུད་ཁེ་ལས་ཁང་གིས་ཁྲིམས་འགལ་ཐོག་ནས་འབར་རྫས་ཉར་ཚག་བྱས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཏེ་ཁེ་ལས་ཁང་དེའི་འགན་འཛིན་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་འདུག
འབར་རྫས་གས་ཐོར་བྱུང་སའི་ས་ཁུལ་བརྒྱུད་དུ་འབར་རྫས་ཧ་ཅང་འཕོན་ཆེ་འབར་གས་བྱུང་བའི་རྐྱེན་གྱིས་འཛུགས་སྐྲུན་དངོས་པོ་ཡོངས་རྫོགས་ཕན་མེད་དུ་གྱུར་ཡོད་པ་དང་འབར་རྫས་གས་ཐོར་བྱུང་ས་དེ་ཐོག་རྩེགས་ཅན་གྱི་གཞུང་ལས་ཁང་ཞིག་ཡིན་ན་ཡང་འབར་རྫས་འཕོན་ཆེ་འབར་གས་བྱུང་བའི་རྐྱེན་གྱིས་ཐོག་རྩེགས་ཅན་གྱི་གཟུང་ལས་ཁང་དེའི་ནུབ་ཕྱོགས་སུ་གནས་པའི་ཟ་ཁང་དང་བཟོ་གྲྭ་སོགས་ཚང་མར་འབར་གས་ཀྱི་ཤུགས་རྐྱེན་ཐེབས་ནས་འཛུགས་སྐྲུན་ཁང་པ་ཡོངས་རྫོགས་བཤིག་ཧྲལ་ཕྱིན་ནས་དེའི་སྐབས་བཟོ་པ་ངལ་ཁང་ནང་ངལ་གསོ་རྒྱབ་ནས་སྡོད་མཁན་ཚོ་ཡང་ཁང་པ་བརྡིབ་ནས་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། གོང་ཞུས་གཏེར་ཁ་བསྔོགས་འདོན་ཁེ་ལས་ཁང་དེ་བཞིན་གཏེར་ཁའི་རིགས་ལས་སྣོན་བྱེད་མཁན་གྱི་བཟོ་གྲྭ་ཞིག་ཡིན་པ་ལས་གཏེར་ཁ་བསྔོགས་འདོན་བྱེད་མཁན་མིན་པར་བརྟེན་འབར་རྫས་འཕོན་ཆེ་ཉར་ཚགས་བྱེད་དགོས་ཀྱི་མེད་ཙང་ཁེ་ལས་ཁང་དེས་འབར་རྫས་འཕོན་ཆེ་ཉར་ཚག་བྱས་པ་དེ་ཡང་ཁྲིམས་འགལ་ཡིན་པ་དོན་རྐྱེན་བརྟག་དཔྱད་བྱེད་མཁན་གྱི་དཔོན་རིགས་ནས་འགྲེལ་བརྗོད་བྱས་ཡོད་པ་དང་ད་ལྟའི་ཆར་ཉེན་རྟོག་པས་འབར་རྫས་དེ་དག་གི་ཡོངས་ཁུངས་རྩོད་ཞིབ་བྱེད་བཞིན་ཡོད་འདུག