རྒྱ་གར་ཆཱན་ནཱེ་གྲོང་ཁྱེར་གྱི་རྒྱ་གར་གྱི་འཕྲུལ་ལས་མཐོ་རིམ་སློབ་གཉེར་ཁང་དུ། དེང་རབས་བོད་ངོ་སྤྲོད་ཀྱི་སློབ་ཚན་གསར་པ་བདམས་ཀའི་ཚུལ་དུ་བཞག་ཡོད་པ།
རྒྱ་གར་ལྷོ་ཕྱོགས་ཆཱན་ནཱེ་གྲོང་ཁྱེར་དུ་རྟེན་གཞི་ཆགས་པ། རྒྱ་གར་གྱི་མཱ་ཌི་རཱ་སི་འཕྲུལ་ལས་མཐོ་རིམ་སློབ་གཉེར་ཁང་(Indian Institute of Technology, Madras)དུ། དེང་རབས་བོད་ཀྱི་གནས་སྟངས་ངོ་སྤྲོད་ཀྱི་སློབ་ཚན་གསར་པ་བདམས་ཀའི་ཚུལ་དུ་བཞག་ཡོད་པ་དང་། བསླབ་གཞི་གཙོ་བོ་ནི་སྤྱི་ལོའི་དུས་རབས་༢༠ནས་མགོ་བཙུགས་ཏེ་ཉེ་རབས་བོད་ཀྱི་ལོ་རྒྱུས་སྐོར་ངོ་སྤྲོད་གནང་གི་ཡོད་ཅིང་། རྒྱ་གར་མཱ་ཌི་རཱ་སི་འཕྲུལ་ལས་མཐོ་རིམ་སློབ་གཉེར་ཁང་གི་འགྲོ་བ་མིའི་རིགས་པ་དང་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་ཁོངས་གཏོགས་སུ། རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་དོན་ཐོག་དགེ་རྒན་ཆེན་མོ་གཞོན་པ། བོད་སྐོར་གྱི་སློབ་ཚན་ཁྲིད་མཁན་མཁས་དབང་ལྕམ་སྐུ་སོ་ནི་ཀ་གུཔྟཱ་(Dr Sonika་Gupta)ལགས་ནས། བདམས་ཀའི་ཚུལ་དུ་བཞག་པའི་སློབ་ཚན་དེ་ཁྲིད་ནས་བདུན་ཕྲག་གཉིས་འགྲོ་བཞིན་པ་དང་། དེ་ལ་བོད་ཀྱི་ཆབ་སྲིད་གནས་ཚུལ་དང་བོད་རང་བཙན་གྱི་གནས་བབ། དེང་སང་བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་གནས་ཚུལ་བཅས་ཀྱང་སློབ་ཁྲིད་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་ད་དུང་བསླབ་གཞིའི་འཆར་སྣང་གི་ཁོངས་སུ་རྒྱ་གར་གྱི་སློབ་ཕྲུག་ཚོར་བོད་ཀྱི་སྐོར་ཤེས་རྟོགས་ཡག་པོ་ཡོང་ཐབས་གནང་རྒྱུ་དང་དེའི་ཁྱབ་ཁོངས་སུ། བོད་ཀྱི་ལོ་རྒྱུས་ཁོ་ན་ཙམ་མིན་པར་དེ་འབྲེལ་རྒྱ་གར་དང་རྒྱ་ནག་གི་སྐོར་དང་། ད་ལྟའི་གནས་སྐབས་སུ་རྒྱ་གར་ནག་དབར་ས་མཚམས་རྩོད་རྙོག་འབྱུང་བཞིན་པ་སོགས་ཀྱང་ངོ་སྤྲོད་གནང་རྒྱུ་ཡིན་ནའང་། གཙོ་ཆེ་རྒྱ་གར་གྱི་སློབ་ཕྲུག་ཚོར་བོད་ཀྱི་གནས་ཚུལ་རྒྱུས་ལོན་ཡག་པོ་ཡོད་པ་ཞིག་བཟོ་དང་། ད་ལྟའི་ས་མཚམས་དཀའ་ངལ་འབྱུང་བཞིན་པ་དེ་ཡང་དོན་གྱིས་བོད་ཀྱི་ས་མཚམས་ཡིན་པ་ཤེས་བཅུག་རྒྱུ་སོགས་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ཅིང་། ཞིབ་འཇུག་གི་བསླབ་གཞི་དེ་ཧ་ཅང་རྒྱ་ཆེ་བ་དང་ཐོག་མའི་ངོ་སྤྲོད་ནི་ཤིན་ཏུ་གལ་ཆེན་ཡིན་པས། ཁོང་ཚོས་༧གོང་ས་མཆོག་གི་མཛད་རྣམ་གློག་བརྙན་སྐུ་མདུན་ནས་བསླབ་གཞི་མགོ་བཙུགས་པ་འགྲེལ་བརྗོད་གནང་གི་འདུག
ཁོང་རང་གི་རེ་བ་ལ་བོད་ཀྱི་གློག་བརྙན་བཟོ་བསྐྲུན་པ་ཚོས་གློག་བརྙན་མང་ཙམ་བསྟན་རྒྱུ་དང་།་བོད་འབྲེལ་རྩོམ་བྲིས་པ་དང་སྙན་ངག་པ།་སྒྱུ་རྩལ་པ་དང་ཅ་དངོས་འཚོལ་སྒྲིག་པ་སོགས་ཧ་ཅང་མང་པོ་ཞིག་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པ་ཚོ་དང་མཉམ་དུ།་ཁོ་ཚོའི་བརྩམས་ཆོས་དང་བོད་དོན་འཐབ་རྩོད་ཐད་བགྲོ་གླེང་ངོ་སྤྲོད་གནང་བཅུག་ན་ཕན་ཐོགས་ཆེན་པོ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་སོང་།དབྱིན་ཡིག་གི་ཆེད་སྦྱོང་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་མཐོ་རིམ་སློབ་གཉེར་དང་ཆབས་ཅིག་ཏུ།་བོད་སྐོར་གྱི་བསླབ་གཞི་དེ་ལེན་མཁན་སློབ་ཕྲུག་སཱ་མཱཇ་པའེ་ནུ་མཱ་ཀཱ་(Samaja Penumaka)ལགས་ནས། ཁོང་རང་གི་འཛིན་གྲྭ་གཅིག་པུར་སློབ་ཕྲུག་༢༥ནས་བསླབ་གཞི་དེ་བླངས་ཡོད་པ་དང་། ཁོང་རང་བརྗོད་གཞི་གསར་པ་དེར་ཧ་ཅང་སྤྲོ་སྣང་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
བསླབ་གཞི་དབུ་འཛུགས་ཀྱི་ཐོག་མར་སྒྲོམ་གཞི་ཧ་ཅང་ཡག་པོ་བསླངས་ཏེ་དགེ་རྒན་གྱིས་ངོ་སྤྲོད་གནང་སོང་བས། བསླབ་གཞི་དེར་ཐོག་མར་འཇུག་རྒྱུ་ཧ་ཅང་ལས་སླ་བོ་བྱུང་ཁར། དེ་ནི་མཐོ་རིམ་སློབ་གཉེར་གྱི་བསླབ་གཞི་ལས་བརྒལ་ཏེ་སྤྱི་ཚོགས་ཚན་རིག་གི་སྡེ་ཚན་མཁོ་གལ་ཆེ་ལ་སྟབས་བདེ་བོ་ཞིག་ཏུ་ཚོར་སོང་བས། བསླབ་གཞི་དེ་འཕྲལ་དུ་དང་ལེན་དང་མགོ་འཛུགས་བྱས་པར་བཤད་སོང་ལ། སྤྱིར་བཏང་རྒྱ་གར་གྱི་གཙུག་ལག་སློབ་ཆེན་ཁག་ཏུ་བོད་འབྲེལ་ཞིབ་འཇུག་པ་དང་ཞིབ་འཇུག་གི་སྡེ་ཚན་ཁ་ཤས་རེ་ཡོད་ནའང་། རྒྱ་གར་གྱི་ཚན་རིག་དང་འཕྲུལ་ལས་ཆེད་སྦྱོང་གི་མཐོ་རིམ་སློབ་གཉེར་ཁང་དུ་བོད་འབྲེལ་སློབ་ཚན་བཙུགས་པ་འདི་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་གར་དབུས་གཞུང་གིས་བཙུགས་པའི་རྒྱ་གར་འཕྲུལ་ལས་སློབ་གཉེར་ཁང་ཁག་ནི་རྒྱ་གར་གྱི་མངའ་སྡེ་གང་སར་ཡོད་པ་མ་ཟད། མཱ་ཌི་རཱ་སི་འཕྲུལ་ལས་སློབ་གཉེར་ཁང་དེ་རྒྱ་གར་ནང་བཟོ་བསྐྲུན་རིག་པའི་སློབ་གཉེར་དང་ཤེས་ཡོན་གྱི་ལྟེ་གནས་རྩེ་གྲས་ཤིག་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།