སིངྒ་ལ་རྒྱལ་ཁབ་ཏུ་བོད་བརྒྱུད་ནང་བསྟན་སྤེལ་མཁན་ཚོར་རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པ། ཤྲི་ལངྐ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ནས་འགྲེལ་བརྗོད་གནང་གི་འདུག

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཕྱི་ཟླ་༡༡པའི་ཚེས་༩ཉིན་རྒྱལ་སྤྱིའི་ནང་བའི་མཐུན་ཚོགས་ཀྱི་དྲུང་ཆེ་Dr. Dhammapiyaམཆོག་དང་། ཤྲི་ལངྐ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་Dr. Damenda Porageརྣམ་གཉིས་ལ་༧གོང་ས་མཆོག་གིས་མཇལ་ཁ་བཀའ་སློབ་སྩལ་ཡོད་ཅིང་། ཤྲི་ལངྐ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་Dr. Damenda Porageལགས་ནས། སིངྒ་ལ་རྒྱལ་ཁབ་ཀྱི་བོད་བརྒྱུད་ནང་བའི་ཆོས་ཚོགས་དེ་མགོ་འཛུགས་མ་བྱས་གོང། བོད་དོན་དང་༸གོང་ས་མཆོག་གི་སྐོར་གསར་ལམ་དུ་གཏན་ནས་འདོན་སྤེལ་གནང་གི་མེད་པར་བརྟེན། མང་ཚོགས་ཀྱིས་ཤེས་རྟོགས་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། ང་ཚོས་ཆོས་ཚོགས་བཙུགས་ཏེ་སིང་ག་ལ་དང་བོད་པའི་ནང་པའི་བར་གོ་རྟོགས་སྤེལ་རེས་མགོ་འཛུགས་སྐབས། རྒྱ་ནག་གཞུང་ཚབ་ཀྱིས་སིང་ག་ལ་གཞུང་ལ་གནོན་ཤུགས་སྤྲད་དེ་དཀའ་ངལ་མང་པོ་འཕྲད་པ་འགྲེལ་བརྗོད་གནང་གི་འདུག
ང་ཚོ་ལ་དཀའ་ངལ་མང་པོ་འཕྲད་པ་ནི་ལས་རིམ་འདྲ་མིན་བསྐྱངས་སྐབས་སུ། ས་གནས་ཀྱི་དགེ་འདུན་པ་དང་སློབ་གྲྭ། མང་ཚོགས་ཀྱི་ཐོག་ནས་དཀའ་རྙོག་བཟོ་མཁན་གཅིག་ཀྱང་མེད་ནའང་། རྒྱལ་ས་ཁོ་ལོམ་བྷོ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་ཉེས་དོན་ཞིབ་དཔྱོད་ཁང་ལ་རྙོག་དྲ་བཤད་པར་བརྟེན། ཞིབ་དཔྱོད་ཁང་གི་མི་སྣ་ང་ཚོའི་རྗེས་སུ་བཏང་སྟེ། ང་ཚོར་ལས་རིམ་ཅི་ཡོད་ཀྱི་ཐོག་ཁོང་ཚོ་ཡོང་ནས་ཞིབ་འཇུག་གནང་བ་བརྒྱུད། མཐར་ཁོང་ཚོས་ཀྱང་ང་ཚོས་ལས་དོན་ཡག་པོ་ཞིག་གནང་གི་འདུག་པར་ངོས་འཛིན་ཐོབ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ཁོ་རང་ལ་ད་ལན་༸གོང་ས་མཆོག་གིས་མཇལ་ཁ་གནང་བ་དང་ཆབས་ཅིག་ཏུ། སཾ་སྐྲི་ཏ་དང་པཱ་ལི་ཆོས་བརྒྱུད་ཀྱི་བར་གོ་རྟོགས་སྤེལ་རེས་དང་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ལ་འབད་བརྩོན་ཡོང་ཐབས་ཀྱི་ལམ་སྟོན་སྩལ་བ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་༸གོང་ས་མཆོག་གིས་ཆོས་བརྒྱུད་སྤྱི་དང་ཁྱད་པར་སཾ་སྐྲི་ཏ་དང་པཱ་ལི་ཆོས་བརྒྱུད་ཀྱི་བར་གོ་རྟོགས་སྤེལ་རེས་དགོས་པ་དང་། ལྷག་པར་དུ་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་ཡོང་བར་ཐབས་ཤེས་གང་དྲག་གནང་དགོས་པའི་གསལ་འདོན་གནང་གི་འདུག་པ་མ་ཟད། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་དང་ངེད་གཉིས་ཀར། འབྱུང་འགྱུར་ལས་རིམ་སྣ་ཚོགས་ཀྱི་ལམ་ནས་ནང་ཆོས་ངོ་སྤྲོད་གནང་དགོས་པ་སོགས་གསུང་གི་འདུག་པས། ང་ཚོ་ཧ་ཅང་སེམས་ཤུགས་འཕེལ་བ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག་ཁར། ད་ཆ་དང་ཐོག་དང་མི་འདྲ་བར་སིང་ག་ལའི་ནང་དུ། ང་ཚོས་སྤྱི་ཚོགས་དྲ་ལམ་དང་དུས་དེབ་ཀྱི་ཐོག་ནས་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་། ༸གོང་ས་མཆོག་གི་ལམ་སྟོན་གསལ་སྟོན་སོགས་བྱས་ཡོད་པས། སིང་ག་ལ་རྒྱལ་ཁབ་ཀྱི་ནང་ཆོས་སློབ་དེབ་ཀྱི་ནང་༸གོང་ས་མཆོག་གི་བཀའ་སློབ་འཁོད་ཐུབ་པ་འགྲེལ་བརྗོད་གནང་གི་འདུག
ང་ཚོའི་གསར་ལམ་ཁག་སིང་ག་ལ་རྒྱལ་ཁབ་ནང་ཁྱབ་སྤེལ་བྱུང་བའི་ཉེར་ལེན་གྱིས། ད་ལམ་སིང་ག་ལའི་དགེ་སློང་ཚོས་བོད་ཀྱི་ནང་ཆོས་དང་༧གོང་ས་མཆོག་གི་བཀའ་སློབ་ཀྱི་རིན་ཐང་རྟོགས་ཏེ། རྒྱལ་ཡོངས་ནང་བའི་སློབ་དེབ་ཀྱི་ནང་༸གོང་ས་མཆོག་གི་བཀའ་སློབ་འཁོད་ཐུབ་ཡོད་པ་མ་ཟད། རྒྱལ་ཡོངས་སློབ་དེབ་ཀྱི་ནང་དུའང་༸གོང་ས་མཆོག་གི་བཀའ་སློབ་འཁོད་ཐུབ་ངེས་ལ་བརྟེན། ང་ཚོས་འདས་པའི་ལོ་བདུན་རིང་གྲུབ་འབྲས་གང་འཚམས་ཐོན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
སིངྒ་ལ་རྒྱལ་ཁབ་ནང་བོད་ཀྱི་ནང་ཆོས་མཐུན་ཚོགས་དེ་ནི་ཕྱི་ལོ་༢༠༡༥ལོ་ནས་བཙུགས་ཏེ། བོད་ཀྱི་ནང་ཆོས་དང་འབྲེལ་བའི་གོ་རྟོགས་ཤུགས་ཆེ་སྤེལ་ཐབས་གནང་གི་ཡོད་པ་མ་ཟད། བོད་བརྒྱུད་ནང་བའི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་དང་དགེ་འདུན་པ་དཀྱུས་མ་སོགས། སིང་ག་ལ་རྒྱལ་ཁབ་ཏུ་གནས་སྐོར་དང་ལས་རིམ་འདྲ་མིན་ཐོག་མཉམ་ཞུགས་བཅས་སུ་ཕེབས་པར། སྣེ་ལེན་རོགས་རམ་དང་ཐོངས་མཆན་རག་པའི་རོགས་སྐྱོར་སོགས་དུས་ནས་དུས་སུ་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།