༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་སྐུ་པར་སྐོར།

ཨ་རིའི་མ་འོངས་པའི་སྲིད་འཛིན་གྱི་ཐུགས་རེ་གནང་མཁན་ཞིག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུས་པའི་སྐུ་པར་་གནད་འགག་ངོས་འཛིན།

2011.06.21

༄༅༎ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་མ་འོངས་པའི་སྲིད་འཛིན་གྱི་ཐུགས་རེ་གནང་མཁན་སྐུ་ཞབས་ཇོན་ཧན་སི་མེན་ཡི་གཞུང་འབྲེལ་གྱི་ངོ་དེབ་(Facebook)དྲ་རྒྱའི་ཐོག་དེ་སྔ་མི་ལོ་བཅུ་ཕྲག་གཅིག་གི་སྔོན་དེར་ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པའི་སྐུ་པར་བཅུག་ཏེ་གནད་འགག་ཆེན་པོར་ངོས་འཛིན་གནང་ཡོད་པ་རེད།

སྐུ་ཞབས་ཧན་སི་མེན་གྱི་ངོ་དེབ་དྲ་རྒྱའི་སྟེང་ཁོང་གི་ལས་དོན་གྱི་དྲིལ་བསྒྲགས་ཀྱི་འདྲ་པར་ཁག་ཅིག་བཅུག་ཡོད་པའི་ནང༌། དེ་སྔོན་ཁོང་སྲིད་འཛིན་ཨོ་སྦ་མ་ཡི་སྲིད་གཞུང་གིས་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་གནང་བའི་སྐབས་ཀྱི་འདྲ་པར་གཅིག་དང༌། ཡང་གཅིག་ནི་ཁོང་གི་བུ་ཚབ་ཏུ་ལེན་པའི་བོུ་གེ་རེ་སི་མེ་ཡི་མཉམ་དུ་རྐང་འཁོར་བཞོན་ཏེ་རྒྱབ་པའི་འདྲ་པར་གཉིས་ཡིན་ཞིང༌། འོན་ཀྱང་ཁོང་གི་འདྲ་པར་ཁོངས་སུ་གལ་ཆེ་དང་འབུར་དུ་ཐོན་པའི་འདྲ་པར་གཅིག་ནི། དེ་སྔ་ཁོང་ཨ་རིའི་མངའ་སྡེ་ཡུ་ཀྲའི་སྲིད་སྐྱོང་གནང་བའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེའི་ཁུལ་ཆིབས་བསྒྱུར་བསྐྱང་པའི་རིང་མཇལ་འཕྲད་ཞུས་པའི་སྐབས་ལྷན་དུ་བསྐྱོན་པའི་སྐུ་པར་ཀྱང་བཅུག་ཡོད་པ་དེ་ནི། སྐུ་ཞབས་ཧན་སི་མེན་ཡིས་དེ་རིང་རེས་གཟའ་མིག་དམར་ཉིན་མ་འོངས་པའི་ཨ་རིའི་སྲིད་འཛིན་གྱི་འོས་མིའི་གྲས་སུ་བཞེངས་ཏེ་དངོས་སུ་རྒྱབ་སྐྱོར་འཚོལ་ཐབས་ཀྱི་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་མ་གནང་གོང་དེར། ཁོང་གི་གཞོན་ནུའི་དུས་སྐབས་དང། ཁྱིམ་ཚང་གི་ལོ་རྒྱུས༌། སྤྱི་ཚོགས་ཐོག་ཞབས་ཞུ་གནང་བའི་བྱས་རྗེས་ཀྱི་འདྲ་པར་དྲིལ་བསྒྲགས་བྱས་པའི་ཁོངས་ནས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། སྐུ་ཞབས་ཧན་སི་མེན་གྱི་ངོ་དེབ་དྲ་རྒྱའི་སྟེང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་ལྷན་དུ་སྒྲོནཔའི་སྐུ་པར་བཅུག་པ་དེ་ནི། དེ་སྔ་༢༠༠༡ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཡུ་ཀྲའ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱང་བའི་སྐབས་ཡིན་པ་གསུང་ཡོད་པ་དང༌། སྐུ་ཞབས་ཧན་སི་མེན་གྱི་ཕྱག་རོགས་ཤིག་གིས། སྐུ་པར་དེ་ཁོང་ཡུ་ཀྲའ་མངའ་སྡེའི་སྲིད་སྐྱོང་གནང་བའི་སྐབས་ཡིན་པའི་ར་སྤྲོད་གནང་ཡོད་ཅིང༌། དེ་སྔ་ཁོང་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་པ་གནང་བའི་སྐབས་༢༠༡༠ ལོའི་ཕྱི་ཟླ་གཉིས་པའི་ནང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ཡིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུའི་གནད་དོན་གྱི་ཐོག་ནས་རྒྱ་ནག་གཞུང་གིས་ཁོང་འབོད་འགུག་བྱས་ཡོད་ཀྱང༌། ཁོང་རྒྱ་ནག་ཏུ་བཞུགས་པའི་རིང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འཛེམ་ཟོན་མེད་པར་རྒྱ་ནག་ལ་སྐྱོན་བརྗོད་གནང་མཁན་ཞིག་དང༌། ཉེ་ཆར་ཕྱི་ཟླ་བཞི་པའི་ནང་ཁོང་གི་ཕྱག་ལས་གྲུབ་པའི་ཕེབས་སྐྱེལ་གྱི་མཛད་སྒོའི་གསུང་བཤད་གནང་བའི་སྐབས། ཨ་མི་རི་ཀའི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎