བེཏ་ནམ་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད།
2011.06.12
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་བེཏ་ནམ་Vietnam མི་དམངས་བརྒྱ་ཕྲག་གིས་བེཏ་ནམ་རྒྱལ་ས་ཧ་ནོ་ཨི་ཡི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་ཕྱོགས་སུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང༌། དེ་ནི་བེཏ་ནམ་མི་དམངས་ཀྱིས་གཟའ་འཁོར་གཉིས་ནང་ངོ་རྒོལ་ལས་འགུལ་སྤེལ་བ་ཐེངས་གཉིས་པ་དེ་ཡིན་པ་མ་ཟད། རེས་གཟའ་ཟླ་བའི་ཉིན་བེཏ་ནམ་མཚོ་དམག་གིས་རྒྱ་ནག་དང་བེཏ་ནམ་དབར་བ་བདག་དབང་གི་རྩོད་གཞི་ཡོད་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་དངོས་སུ་གོ་མཚོན་བེད་སྤྱོད་གཏོང་བའི་དམག་རྩལ་སྦྱོང་བརྡར་བྱ་རྒྱུའི་སྔ་ནུབ་ཏུ་བྱས་པ་ཞིག་ཡིན་པ་རེད།
བེཏ་ནམ་ཉེན་རྟོག་པ་བཅུ་གྲངས་ཤིག་དང་བདེ་འཇགས་སྲུང་དམག་གི་ལྟ་རྟོགས་འོག་མི་དམངས་བརྒྱ་ཕྲག་གིས་ལག་ཏུ་རྒྱལ་ཁབ་ཀྱི་རྒྱལ་དར་དང་ངོ་རྒོལ་གྱི་བརྗོད་ཚིག་བྲིས་པའི་ཕྲེད་དར་འཁྱེར་ཏེ། རྒྱ་ནག་གཞུང་ཚབ་ཁང་ནས་རྒྱལ་སའི་སྲང་ལམ་བརྒྱུད་གོམ་བགྲོད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བ་དང༌། ཁོང་ཚོའི་ངོ་རྒོལ་གྱི་ཡིག་ཆེན་ཐོག་བེཏ་ནམ་གྱི་ས་ཁོངས་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བྲིས་ཡོད་པ་རེད། ད་དུང་དེ་རིང་བེཏ་ནམ་གྱི་ཧོ་ཆི་མིན་གྲོང་ཁྱེར་ནང་དུའང་མི་དམངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་གཅིག་མཚུངས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང༌། རྩ་བའི་བེཏ་ནམ་དམར་ཤོག་རྒྱལ་ཁབ་དེའི་ནང་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་བ་ཧ་ཅང་གི་ཉུང་ཉུང་ཡིན་པ་དང༌། གལ་ཏེ་ངོ རྒོལ་ལས་འགུལ་རིགས་སྤེལ་བ་ཡིན་ནའང་ཉེན་རྟོག་པས་འཕྲལ་དུ་ཁ་ཐོར་གཏོང་བ་སོགས་དུས་ཚོད་རིང་པོ་སྤེལ་མ་ཐུབ་པ་བཟོ་གི་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་རྒྱལ་ཁབ་གཉིས་དབར་བདག་དབང་གི་རྩོད་གཞིར་གནས་པའི་གཏེར་གྱི་ཕྱུག་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་བེཏ་ནམ་གྲུ་འཛིངས་དང་རྒྱ་མིའི་མྱུལ་ཞིབ་གྲུ་འཛིངས་དབར་གདོང་ཐུག་བྱུང་ཡོད་ཅིང༌། ད་རེས་དོན་རྐྱེན་ཐེངས་གཉིས་པ་དེ་ནི་བེཏ་ནམ་ཕྱོགས་ནས་ཁོང་ཚོའི་བདག་དབང་ཡོད་པའི་མཚོ་འགྲམས་གྱི་མེ་ལེ་༢༠༠ ནང་དུ་བྱུང་ཡོད་པ་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དོན་རྐྱེན་གཉིས་པ་དེ་ནི་རྩོད་གཞིར་གནས་པའི་ལྷོ་རྒྱ་ནག་གི་རྒྱ་མཚོའི་གླིང་ཕྲན་གྱི་ཉེ་ཁྲིད་དུ་བྱུང་ཡོད་ལུགས་དང༌། བེཏ་ནམ་གྲུ་འཛིངས་ཀྱིས་རྒྱ་མིའི་ཉ་པའི་ཚེ་སྲོག་ལ་ཉེན་ཁ་བཟོ་ཚུལ་སོགས་བཤད་ཡོད་ཅིང༌། གླིང་ཕྲན་དེའི་བདག་དབང་གི་ཐོག་ལ་རྒྱ་ནག་དང་བེཏ་ནམ་ཡུལ་གྲུ་གཉིས་ཐོག་ད་དུང་ཡང་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཤས་ཤིག་རྩོད་ལེན་བྱེད་ཀྱི་ཡོད་པ་རེད། བེཏ་ནམ་གཞུང་གིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་རེས་གཟའ་ཟླ་བའི་ཉིན་མཚོ་དམག་གི་དམག་རྩལ་སྦྱོང་བརྡར་ཁྱོན་ཚོུད་དགུའི་རིང་བྱ་རྒྱུའི་འཆར་གཞི་ཡོད་པ་དང༌། དེ་ནི་བེཏ་ནམ་གཞུང་གིས་དངོས་སུ་གོ་མཚོན་བེད་སྤྱོད་གཏོང་བའི་མཚོ་དམག་གི་དམག་རྩལ་སྦྱོང་བརྡར་བྱས་པ་ཐེངས་དང་པོ་ཡིན་པ་རེད།།