རྒྱ་ནག་གིས་བོད་ནང་མུ་མཐུད་དུ་ཆོས་དད་རང་དབང་ཐད་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད།

2024.08.21
རྒྱ་ནག་གིས་བོད་ནང་མུ་མཐུད་དུ་ཆོས་དད་རང་དབང་ཐད་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད།
Elaine Pearson

ཕྱི་ཟླ་ ༨པའི་ ཚེས་ ༢༢ ཉིན་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་༼ ཆོས་ལུགས་སམ་དད་མོས་ལ་བརྟེན་ནས་དྲག་པོའི་བྱ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་རྣམས་ལ་རྒྱལ་སྤྱིའི་དྲན་གསོ་ཞུ་བའི་ཉིན་མོ༽ཡིན་ཕྱིན་།འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་མུ་མཐུད་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་ཨེ་ལིན་་པིཨར་སནElaine Pearson ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དེ་རྒྱ་ནག་ཅན་དུ་བསྒྱུར་བ་ཟེར་བ་ནི་རྒྱ་ནག་དམར་ཤོག་ཚོགས་པར་བཙན་ཤེད་ཀྱིས་བློ་དཀར་བྱེད་ཐབས་དང་། ཆོས་ལུགས་བྱེད་སྒོ་དང་ཞི་ཅིན་ཕེན་གྱི་དབང་བསྒྱུར་འོག་གི་ཆབ་སྲིད་ལྟ་གྲུབ་གཉིས་ཟུང་འབྲེལ་གྱི་སྲིད་ཇུས་ཤིག་ཡིན་པ་ནན་གསུང་གནང་འདུག
དེ་བཞིན་ཨེ་ལིན་པིཨར་སན་ལགས་ནས་མུ་མཐུད་དུ་རྒྱ་ནག་གཞུང་གིས་ལོ་མང་རིང་བོད་ཀྱི་ཆོས་ལུགས་བྱེད་སྒོ་ཚང་མར་སྟངས་འཛིན་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ནས་ལྟ་རྟོག་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་ནས་ཆོས་ལུགས་ནི་རྒྱ་ནག་དམར་ཕྱོགས་གཞུང་གི་དབང་བསྒྱུར་ལ་ཉེན་ཁ་ཅན་ལ་ངོས་འཛིན་གྱིས་ཆོས་ལུགས་ཀྱི་ལག་ལེན་དང་ཆབ་སྲིད་ཀྱི་སློབ་གསོ་གཉིས་མཉམ་བསྲེས་བྱས་པའི་སྲིད་ཇུས་འདི་ནི་དོན་དངོས་ཐོག་བོད་ཀྱི་ནང་ཆོས་དང་། རིག་གཞུང་། ཆོས་ལུགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་ཡིན་པ་གསལ་བོ་རེད་ཅེས་གསུང་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ཀྱི་དགེ་འདུན་པ་རྣམས་ཀྱིས་ཞི་བའི་ལམ་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་རྐྱེན་གྱིས་བཙོན་འཇུག་བྱས་བ་མ་ཟད། མི་མང་པོ་ཞིག་གནས་སྟངས་ཞན་པོ་དང་སྨན་བཅོས་མི་འདང་བའི་རྐྱེན་གྱིས་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན་ཕོག་པའམ་ཡང་ན་བཀག་ཉར་སྐབས་སུ་འདས་གྲོངས་སུ་གྱུར་བའི་སྐོར་གསལ་འདོན་བྱས་འདུག
གོང་ཞུས་ཁྲིམས་འགལ་གྱི་གནས་སྟངས་དེ་དག་ལ་ལན་འདེབས་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཝོལ་ཀར་ཐུར་ཁི་ (Volker Türk) ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡོངས་གྲགས་སུ་སྐྱོན་བརྗོད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། ཚོགས་པ་དེས་མཉམ་འབྲེལ་རྒྱལ་ཚོགས་དང་ཚོགས་མིའི་རྒྱལ་ཁབ་ཁག་ལ་འབྱུང་འགྱུར་ཕྱི་ཟླ་༩ པའི་ནང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་ལ་འགན་འཁྲི་རྩད་ཞིབ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག་ལ། རྒྱལ་ཚོགས་ཀྱི་ཚོགས་ཁོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་མཉམ་འབྲེལ་གྱིས་མངོན་གསལ་ཐོག་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བྱ་སྤྱོད་ཐད་འདྲི་རྩད་བྱས་ནས་བོད་དང་ཤར་ཏི་ཀི་སི་ཌན་ནང་འགྲོ་བ་མིའི་ཐོབཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་མཚམས་འཇོག་བྱེད་དུ་དགོས་པའི་འབོད་སྐུལ་བྱས་འདུག
དེ་བཞིན་འགྲོ་བ་མིའི་ཐོབ་ལྟ་ཞིབ་ཚོགས་པ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ནང་ཆོས་ལུགས་རང་དབང་གི་ཐོབ་ཐང་ཡོད་པ་བཀོད་པའི་འགན་ལེན་གཉིས་ཀར་བརྩི་བཀུར་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་གལ་ཆེན་རང་བཞིན་ཡང་ནན་གསུང་གནང་འདུག
ཡང་གནས་ཚུལ་འདི་དང་འབྲེལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་སྐབས་གསུང་ན། རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ཧ་ཅང་གི་ཚབས་ཆེན་པོ་ཡིན་པོ་ཡིན་ནན་བརྗོད་གནང་བ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་ཤུགས་ཆེན་པོས་སྐྱོན་བརྗོད་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་འོག་ང་ཚོས་གང་ཐུབ་ཅི་ཐུབ་ཀྱི་བོད་ཀྱི་ཛ་དྲག་གནས་སྟངས་འདི་རྒྱལ་སྤྱིའི་ཐོག་བསྒྲགས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་གསུང་བྱུང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་སྤྱི་ཟླ་༨ཚེས་༢༢ཉིན་ནི་རྒྱལ་སྤྱིའི་ཆོས་ལུགས་དང་དད་པ་ལ་བརྟེན་ནས་དྲག་སྤྱོད་ཀྱི་གནོད་འཚེ་ཕོག་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོར་སྲུང་བརྩི་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་དུ། ཆོས་ལུགས་དང་དད་མོས་རང་དབང་། བསམ་ཚུལ་དང་སྨྲ་བརྗོད་རང་དབང་། དེ་བཞིན་ཞི་བའི་འདུ་འཛོམས་དང་ཚོགས་པ་འཛུགས་པའི་རང་དབང་བཅས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ཕན་གཅིག་གྲོགས་ཡིན་པ་དང་། ཐོབ་ཐང་དེ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་༡༨པ་དང་༡༩པ། ༢༠པ་བཅས་སུ་གསལ་ཡོད་པ་གསལ་སྟོན་གནང་བ་དང་འབྲེལ། འཛམ་གླིང་གི་ས་ཕྱོགས་གང་སར་ཆོས་ལུགས་སྒྲིག་འཛུགས་ཀྱི་ཚོགས་མི་དང་། ཆོས་ལུགས་གྲངས་ཉུང་གི་ཚོགས་པ་སོགས་ལ་ཆོས་ལུགས་དང་དད་མོས་ལ་བརྟེན་ནས་མི་སྒེར་ལ་བཟོད་སྒོམ་མེད་པ་དང་འཚེ་བ་མུ་མཐུད་ནས་འབྱུང་བཞིན་ཡོད་ཅིང་། དེ་ལྟ་བུའི་དོན་རྐྱེན་ནི་རྒྱུན་དུ་ཁྲིམས་འགལ་གྱི་རང་བཞིན་དང་རྒྱལ་སྤྱིའི་རང་བཞིན་ཡིན་པས་མ་ཟད། གྲངས་འབོར་དང་ཤུགས་ཚད་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྷན་ཚོགས་ཐོག་༼ ཆོས་ལུགས་དང་དད་པ་ལ་བརྟེན་ནས་དྲག་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ལ་ལ་རྒྱལ་སྤྱིའི་དྲན་གསོ་ཞུ་བའི་ཉིན་མོ།༽ཞེས་གཏན་འབེབས་གནང་ཡོད་པ་དང་། ཆོས་ལུགས་དང་དད་པ་ལ་རྟེན་ནས་ཆོས་ལུགས་གྲངས་ཉུང་གི་སྒྲིག་འཛུགས་དང་མི་སྒེར་ལ་དྲག་སྤྱོད་སྤེལ་མཁན་ལ་ངོ་རྒོལ་སྐྱོན་བརྗོད་དྲག་པོ་ཡོད་པ་ནན་བརྗོད་གནང་འདུག
གསར་འགོད་པ། ལྕགས་མོ་འཚོ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎