ལྦིཏི་ནམ་གྱིས་ཡེ་ཤུའི་ཆོས་བྱེད་པ་བརྒྱད་གློད་བཀྲོལ་གཏོང་དགོས།
2008.10.05
༄༅༎ལྦིཏི་ནམ་གྱི་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་ཕྱི་ལོ་༡༩༥༠འི་ལོ་ནས་བཟུང་གཞུང་བཞེས་གནང་བའི་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་ཚོགས་དང་དགོན་པ་ཁག་གི་ས་ཞིང་དེ་དག་ད་ཆ་ཡེ་ཤུའི་དགོན་པ་ཁག་ལ་ཕྱིར་སློག་བྱེད་དགོས་ཞེས་ཁ་སྔོན་ཕྱི་ཟླ་བརྒྱད་པའི་ནང་ཡེ་ཤུ་བ་ཚོས་མར་མེའི་ཁྲོམ་བསྐོར་གྱི་ལམ་ནས་དགོས་འདུན་བཏོན་ཡོད་པ་རེད་ དེའི་སྐབས་ལྦིཏི་ནམ་གྱི་དམར་པོའི་འགོ་ཁྲིད་ཚོས་ཡེ་ཤུའི་ཆོས་བྱེད་པ་བརྒྱད་ཙམ་འཛིན་བཟུང་བྱས་ཡོད་པ་རེད་ ཞི་བའི་ཐབས་ལམ་གྱི་སྒོ་ནས་གཞུང་ལ་དགོས་འདུན་བཏོན་མཁན་འཛིན་བཟུང་བྱས་པ་དེ་ཚོ་གློད་བཀྲོལ་གཏང་དགོས་ཞེས་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པས་ཁ་ས་ལྦིཏི་ནམ་གྱི་དམར་ཤོག་ཚོགས་པའི་སྲིད་གཞུང་ལ་སྐུལ་འདད་ཞུས་ཡོད་པ་རེད་ ཡེ་ཤུ་བ་ཚོས་བརྗོད་གསལ་ལྟར་ན་ཁོང་ཚོས་ཞི་བའི་ལམ་ནས་དགོས་འདུན་བཏོན་སྐབས་ལྦིཏི་ནམ་གྱི་དམར་པོའི་འགོ་ཁྲིད་ཚོས་ཡེ་ཤུའི་ཆོས་པ་ཚོའི་ལུས་པོར་གློག་རྒྱུག་ཞུས་པ་དང་མིག་ཆུ་བཤོར་བའི་རྫས་རླུང་གཏོར་བ་དམར་ཤོག་ཚོགས་པའི་གཞོན་ནུའི་ཡན་ལག་གི་ཚོགས་མི་ཚོས་ཡེ་ཤུ་བ་ཚོའི་གདོང་པར་ཐུ་ལུད་རྒྱག་པ་དང་ཚུལ་དང་མི་མཐུན་པའའི་དམག་འབེབས་བཏང་ཡོད་པ་རེད།