ཀེ་ན་གྲའི་གྲོས་ཚོགས་ནང་བོད་དོན་གླེང་རྒྱུ།
2017.11.24
ཀེ་ན་གྲའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Dennis Patterson མཆོག་གིས་ཀེ་ན་གྲའི་གྲོས་ཚོགས་ཀྱི་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་བྱ་སྤྱོད་ཐེར་འདོན་ཆེད་གྲོས་ཚོགས་ནང་། ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་བོད་མིའི་ཆབ་སྲིད་བཙོན་པ་ཁག་གི་ལོ་རྒྱུས་སྒྲོག་སྦྱངས་གནང་རྒྱུ་ཡིན་པ་གསུངས་འདུག
ཀེ་ན་གྲའི་ནང་སྲིད་བློན་JustinTrudeau ཡིོས་སྲིད་དབང་བཟུང་པའི་རྗེས་ནས་ཀེ་ན་གྲ་དང་། རྒྱ་ནག་གཉིས་ཀྱི་བར་ཚོང་དང་དཔལ་འབྱོར་གྱི་འབྲེལ་བ་ཧ་ཅང་ཤུགས་ཆེ་རུ་ཕྱིན་ཡོད་ཀྱང་མང་ཚོགས་ཁྲོད་རྒྱ་ནག་གིས་ཀེ་ན་གྲའི་གནད་འགག་ཆེ་བའི་འཕྲུལ་ལས་ཚན་པ་ཁག་ཅིག་ཉོ་ཐབས་བྱེད་བཞིན་པ་དང་། རྒྱ་ནག་གིས་དམག་དོན་སྟོབས་ཤུགས་ཀྱི་དཔུང་ངོམ་བཞིན་པའི་གནད་དོན་བཅས་ལ་བློ་འཚབ་གནང་མཁན་ཡང་གཞི་རྒྱ་གང་ཆེ་ཞིག་ཡོད་པ་མང་ཚོགས་ཀྱི་བསམ་ཤོག་བསྡུ་ལེན་བྱས་པའི་གྲུབ་འབྲས་ལས་གསལ་སྟོན་ཡོང་གི་ཡོད་པ་རེད།
གྲོས་ཚོགས་འཐུས་མི་Senator Dennis Patterson ནི་ཀེ་ན་གྲའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པ་དང་ཁོང་ནས་ཁོང་དང་ཁོང་གི་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་བརྩིས་མེད་རྡོག་རོལ་གཏོང་བཞིན་པ་ར་སྤྲོད་ཆེད་ད་ལྟ་བཙོན་ཁང་ནང་རྒྱ་ནག་གཞུང་གི་བཙོན་བཅུག་མྱོང་བཞིན་པའི་བོད་མིའི་ཆབ་སྲིད་བཙོན་པ་ཁག་གི་ལོ་རྒྱུས་སྒྲོག་སྦྱངས་གནང་རྒྱུ་ཡིན་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད།
་གནས་ཚུལ་ཐོན་ཁུངས་ལ་གཞིགས་ན། དེ་ནི་ཀེ་ན་གྲའི་སྲིད་བློན་Justin Trudeauམཆོག་རྒྱ་ནག་ལ་རྒྱལ་དོན་གཟིགས་བསྐོར་དུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་གླེང་སློང་ཡོང་གི་ཡོད་པར་ཀེ་ན་གྲའི་སྲིད་བློན་མཆོག་ནས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་གླེང་སློང་དགོས་པའི་ཐད་ཤུགས་གནོན་སྤྲོད་ཐབས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡི་ཤེས།