བསྟན་འཛིན་དཔལ་སྐྱིད་ལ་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ།
2012.04.26
༄༅༎ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་གཙུག་ལག་སློབ་གྲའི་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་བེུད་བསྟན་འཛིན་དཔལ་སྐྱིད་ལགས་སུ་ སློབ་གཉེར་ཁང་དེའི་སཱ་ལི་ལྦེན་སྦ་ལོའོ་(Sullivan Ballou award)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་གསོལ་སྩལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎
བྱ་དགའ་དེ་བཞིན་དེ་སྔ་༡༨༦༡ལོར་ཨ་རིའི་ནང་Civil warའམ་ནང་ཁྲུག་གི་དམག་འཐབ་ཐེངས་དང་པོའི་སྐབས་རྐྱེན་ལམ་དུ་སོང་བ་དང་ དམག་འཐབ་ནང་དཔའ་མཛངས་བློ་སྟོབས་ལྡན་པའི་དམག་མི་ཞིག་གི་དྲན་རྟེན་མིང་ཐོག་ནས་བཙུགས་ཡོད་པ་དང་ གཙུག་ལག་སློབ་གཉེར་ཁང་ནས་ བྱ་དགའ་དེ་བཞིན་གཞན་ཕན་གྱི་ཀུན་སློང་ལྡན་པའི་མི་སྣར་འབུལ་གྱི་ཡོད་འདུག་ བོད་རིགས་སློབ་མ་བསྟན་འཛིན་དཔལ་སྐྱིད་ལགས་སུ་བྱ་དགའ་གསོལ་སྩལ་གནང་པ་དེ་ ཁོ་མོས་མི་ནི་སོ་ཊ་གཙུག་ལག་སློབ་གྲ་དང་དེ་བཞིན་མི་ནི་ཡེ་པོ་ལིསི་གྲོང་ཁྱེར་ཁུལ་དུ་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གོ་རྟོགས་ཁྱབ་སྤེལ་བྱས་པའི་ལས་དོན་ལ་ངོས་འཛིན་མཚོན་ཆེད་གསོལ་སྩལ་གནང་བཞག གནས་ཚུལ་ནང་གསལ་ལྟར་ན་ བསྟན་འཛིན་དཔལ་སྐྱིད་ལགས་ཀྱིས་མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་ནང་ ཁོང་ཉིད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སློབ་སྟོན་པའི་ཆ་ནས་ ས་གནས་ཀྱི་བོད་མི་རྣམས་དང་ཟུང་འབྲེལ་གྱིས་བོད་དོན་ཆེད་ངོ་རྒོལ་སྐད་འབོད་དང་ གོམ་བགྲོད་ དེ་བཞིན་ཨ་རིའི་གྲོས་ཚོགས་སུ་བོད་ཀྱི་གནས་སྟངས་ལ་རྒྱབ་བསྐྱོར་གྱི་ཞུ་གཏུགས་ལ་སོགས་པའི་ཆབ་སྲིད་ཀྱི་ལས་འགུལ་སྣེ་མང་སྣེ་འཁྲིད་གནང་ཡོད་པ་མ་ཟད་ ས་གནས་ཀྱི་བོད་རིགས་བྱིས་པ་ཚོར་ དང་བླངས་སློབ་འཁྲིད་དང་ལམ་སྟོན་གནང་གི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་༎