རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་བཞིན་པ།

རྒྱ་ནག་ནི་ཚོང་ལས་འགྲན་བསྡུར་གྱི་སྣེ་མོར་སླེབས་རྒྱུའི་དམིགས་ཡུལ་ཉམས་ཆགས་འགྲོ་རྒྱུ་འགོ་བཙུགས་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད་ལུགས།

2008.11.30

༄༅༎དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་དཀའ་ཚེགས་ཅན་དུ་གྱུར་བར་བརྟེན་ནས་དེ་རིང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་གུང་ཁྲན་ཏང་གི་དབུ་ཁྲིད་ལྷན་ཚོགས་ཐོག་ལ་རྒྱ་ནག་ནི་ཚོང་ལས་འགྲན་བསྡུར་གྱི་སྣེ་མོར་སླེབས་རྒྱུའི་དམིགས་ཡུལ་ཉམས་ཆགས་འགྲོ་རྒྱུ་འགོ་བཙུགས་ཀྱི་ཡོད་པའི་ཉེན་བརྡ་བཏང་བ་དང་ཆབས་ཅིག་དཀའ་ངལ་དེ་ནི་ཕྱོགས་གཞན་ཞིག་ནས་གུང་ཁྲན་ཏང་གི་སྲིད་དབང་སྲ་བརྟན་གཏང་རྒྱུར་གདོང་ལེན་བྱ་རྒྱུའི་ཚོད་ལྟའི་ལས་དོན་ཞིག་ཡིན་པ་བཤད་ཡོད་པ་རེད།

རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ནས་འདི་ལོ་བརྒྱ་ཆ་དགུ་ཙམ་ཉམས་རྒུད་དུ་ཕྱིན་ཡོད་པ་སྔོན་དཔགས་བྱེད་པ་དང་དེ་ཡང་དུས་རྒྱུན་གྱི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཡུལ་གཙོ་བོའི་ཕྱོགས་ནས་མྱུར་ཚད་མགྱོགས་པོའི་ཐོག་ནས་ཉམས་རྒུད་ཕྱིན་པར་བརྟེན་ནས་རྒྱ་ནག་གི་དབུ་ཁྲིད་ཚོད་གནས་སྟངས་དེའི་ཐོག་ནས་ལས་མེད་ཀྱི་གྲངས་འབོར་མང་དུ་འཕེལ་རྒྱས་འགྲོ་བ་དང་ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕྱིར་ཚོང་བྱེད་མཁན་གྱི་རྒྱ་ནག་གི་ཚོང་ལས་སྡེ་ཚན་ཁག་ཚོར་རྒྱལ་སྤྱིའི་ཐོག་ནས་དངོས་ཟོག་མངགས་ཉོ་བྱེད་མཁན་གྱི་གྲངས་འབོར་ཉུང་དུ་ཕྱིན་ པ་དེ་ཡིས་བཟོ་གྲྭ་ཁག་སྒོ་རྒྱབ་སྟེ་ལས་མེད་ཀྱི་གྲངས་འབོར་མང་དུ་ཕྱིན་པ་ཡིན་ཚེ་འབྱུང་རྩ་དེ་ཡིས་སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཁ་ཡོང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་གུང་ཁྲན་ཏང་གི་དཔོན་རིགས་ཀྱི་ལྷན་ཚོགས་ཐོག་ལ་རྒྱལ་སྤྱིའི་དངོས་ཟོག་མངགས་ཉོ་བྱེད་པའི་ཚོང་ལས་ཀྱི་བྱ་གཞག་སྐྱོ་རུ་ཕྱིན་ཡོད་པ་མ་ཟད་རྒྱ་ནག་རྒྱལ་ནང་གི་ཚོང་ལས་འགྲན་བསྡུར་གྱི་གོ་སྐབས་ཀྱང་སྐྱོ་རུ་ཕྱིན་ཡོད་པར་བརྟེན་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་སྟངས་ཉམས་རྒུད་འགྲོ་བཞིན་པ་དེ་ནི་གཞུང་གིས་གདོང་ལེན་བྱ་དགོས་པའི་ཛ་དྲག་གི་གནད་དོན་ཞིག་ཡིན་པ་དང་དབུ་ཁྲིད་ཚོས་ཀྱང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དམིགས་དཔེ་ཐུབ་པ་ཞིག་དང་ཡར་རྒྱས་ཀྱི་གྲུབ་འབྲས་ལྡན་པ་དང་དེ་ཡང་ཡུན་གནས་སྲ་བརྟན་ཐུབ་པའི་བཅོས་འགྱུར་གཏོང་ཐབས་ལ་འབད་བརྩོན་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎