ས་ཁ་རོལྦ་གཟེངས་རྟགས་དེ་རྒྱ་རིགས་ཧུའུ་ཅ་ལ་གནང་གཏན།
2008.10.23
༄༅༎ས་ཁ་རོལྦ་གཟེངས་རྟགས་ཞེས་ཡུ་རོབ་གྲོས་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་མཐོ་ཤོས་དེ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཧུའུ་ཅ་ལ་གསོལ་སྩལ་གནང་རྒྱུ་ཡིན་སྐོར་ཡུ་རོབ་མི་མང་ཚོགས་པ་ཞེས་ཡུ་རོབ་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཆེ་ཤོས་ཀྱིས་གསལ་བསྒྲགས་བྱས་འདུག
ཧུའུ་ཅ་ཞུ་བས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དེས་རྒྱ་ནག་ནང་སྤྱི་དམངས་ཀྱི་རང་དབང་དང་འཁོར་ཡུག་སྲུང་སྐྱོབས་དང་ལྷག་པར་དུ་རྒྱ་ནག་ནང་ཨེཛ་ནད་གཞི་འགོས་ཁྱབ་སྔོན་འགོག་དང་ནད་ཕོག་པའི་མི་མང་ལ་སྨན་གཅོས་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་པ་རེད་ ༢༠༠༧ལོར་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབཐང་གི་ཉམས་ཞིབ་ལྷན་ཚོགས་སྐབས་རྒྱ་རིགས་ཧུའུ་ཅ་གིས་བརྙན་འཕྲིན་བརྒྱུད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གསུང་བཤད་གནང་པའི་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉན་ཇུས་བཤམས་པའི་ནག་ཉེས་འོག་དོ་དམ་འཛིན་བཟུང་བྱས་སྟེ་ཁྲིམས་ཐོག་ནས་ལོ་གསུམ་དང་ཕྱེད་ཀའི་རིང་བཙོན་འཇུག་ཉེས་ཆད་བཀལ་ཡོད་པ་རེད་ ཡུ་རོབ་མི་མང་ཚོགས་པ་ཞེས་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཀྱི་མགྲིན་ཚབ་པ་རོ་སྦ་ཏེ་ཕིཛ་ཧེན་རི་ཡིས་གསུང་ན་ཡུ་རོབ་མཉམ་འབྲེལ་མཐུས་མི་ཚོིགས་ཆེན་གྱི་དབུ་འཁྲིད་རྣམས་ནས་འདི་ལོའི་ཡུ་རོབ་གྲོས་ཚོགས་ཀྱི་ས་ཁ་རོལྦ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འདི་བཞིན་མཐའ་མའི་འོས་དམིགས་གསུམ་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཧུའུ་ཅན་ལ་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད་ དེ་ཡང་གཟེངས་རྟགས་འབུལ་རྒྱུའི་གཞུང་འབྲེལ་གྱི་གསལ་བསྒྲགས་དེ་བཞིན་དེ་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུའི་ཡུ་རོབ་དང་ཨེ་ཤེ་ཡའི་ཡུལ་ཁག་གི་དབུ་འཁྲིད་དབར་ཚོགས་འདུ་མ་ཚུགས་སྔོན་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དབུ་འཁྲིད་རྣམས་ནས་གསལ་བསྒྲགས་གནང་རྒྱུ་ཡིན་སྐོར་དང་དེས་རྒྱ་ནག་ལ་ཁོང་ཁྲོ་ཡང་སློང་སྲིད་པ་ཡིན་སྐོར་འགྲེལ་བརྗོད་གནང་འདུག