སྲོལ་རྒྱུན་བོད་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་རྣམས་གཏོར་འདུག
2014.06.19
རྒྱ་ནག་གཞུང་གི་གྲོང་ཁྱེར་འཛུགས་བསྐྲུན་གྱི་ལས་གཞིའི་འོག་ཆབ་མདོ་གྲོང་ཁྱེར་ནང་བོད་མིར་སྡོད་ཁང་གི་དཀའ་ངལ་འཕྲད་བཞིན་པ་རེད་འདུག
དེ་ཡང་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་གནས་ཚུལ་བཏང་དོན། རྒྱ་ནག་གཞུང་གི་གྲོང་ཁྱེར་འཛུགས་བསྐྲུན་གྱི་ལས་གཞིའི་འོག་ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་གཞུང་ནང་ཡོད་པའི་ལོ་ངོ་བརྒྱ་ཕྲག་གོང་ནས་ཆགས་པའི་བོད་མི་ཚོའི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་སྡོད་ཁང་རྣམས་གཏོར་བཤིག་བཏང་ནས་ད་ལྟ་གཅིག་ཀྱང་ལྷག་མེད་པ་རེད། ཆབ་མདོ་ནས་ཡིན་པའི་བོད་མི་ཞིག་གིས་བརྗོད་དོན། བོད་མིའི་ཁང་རྙིང་རྣམས་གཏོར་བའི་ཤུལ་ལ་ཐོག་བརྩེགས་ཉི་ཤུ་ལྷག་ཡོད་པའི་ཁང་པ་ཆེན་པོ་དེ་འདྲ་གསར་རྒྱག་བྱས་ནས་ས་གནས་བོད་མི་ཚོ་གྲོང་ཁྱེར་གྱི་མཐའ་ལ་ཁང་པ་ཐོག་བརྩེགས་ཅན་དེ་འདྲ་རྒྱབ་ནས་དེའི་ནང་སྤོ་རུ་བཅུག་ཡོད་པ་དང་། གནས་སྤོར་སྐབས་ངོ་དགའ་ཕྱོགས་ལྷུང་གི་ཐོག་ནས་བགོ་བཤའ་རྒྱབ་སྟབས་བོད་མི་ཚོར་ཁང་པ་སྐྱོ་བ་དང་། ཁང་ནང་ལ་ཉི་འོད་མི་ཡོང་ས། ཁང་ནང་ནག་ཁུང་ཡིན་པ་དེ་འདྲ་སྤྲོད་ཀྱི་ཡོད་སྟབས་བོད་མི་ཚོས་ཁང་པ་རྩིས་ལེན་མ་བྱས་པའི་རྐྱེན་གྱིས་ ད་ཆ་ཆབ་མདོ་གྲོང་ཁྱེར་ནང་ཡོད་པའི་བོད་མི་མང་པོ་ཞིག་ལ་ཁང་པའི་དཀའ་ངལ་འཕྲད་ཀྱི་ཡོད་ལུགས་བརྗོད་ཡོད།
དེ་ལྟར་ད་ལྟ་སྤོམ་མདའ་ས་ཁུལ་དུ་ཡོད་པའི་དགོན་པའི་གཡས་གཡོན་དུ་སྔ་མོའི་ཁང་པ་རེ་གཉིས་ལྷག་ཡོད་པ་དང་། དེ་མིན་ཨོ་རོང་ཁ་པ་དང་། ཆུ་རི་ཁ་པ་སོགས་སུ་སྔ་མོའི་ཁང་པ་གཅིག་ཀྱང་ལྷག་མེད་པ་རེད་འདུག དེ་བཞིན་ཆབ་མདོའི་བོད་མི་ཁོས། ད་ཆ་ཆབ་མདོ་གྲོང་ཁྱེར་ལ་བལྟ་དུས་ཁང་པ་ཐོག་བརྩེགས་ཅན་དེ་འདྲ་མང་པོ་ཡོད་པ་ལས་བོད་ཀྱི་རྣམ་པ་མཚོན་པའི་སྔ་མོའི་ཁང་པ་དེ་འདྲ་མཐོང་རྒྱུ་ཡོད་པ་མ་རེད། དེ་བཞིན་ཆབ་མདོ་གྲོང་ཁྱེར་ནང་ གྲོང་ཁྱེར་འཛུགས་བསྐྲུན་གྱི་ལས་གཞིས་རྐྱེན་པས་ཕར་ཚུར་འགྲོ་བསྐྱོད་བྱ་རྒྱུ་ཡང་ཁག་པོ་ཆགས་ཡོད་ལུགས་བརྗོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།