ཨར་འདམ་བཟོ་གྲར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ།
2014.03.21

ཧོར་གཙང་ཡུལ་ཏུ་ཨར་འདམ་བཟོ་གྲ་རྒྱ་བསྐྱེད་བྱས་པར་ས་གནས་བོད་མི་ཚོར་དཀའ་ངལ་འདྲ་མིན་འཕྲད་བཞིན་པ་ལ་ངོ་རྒོལ་བྱས་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། འདས་པའི་ལོ་མང་གི་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཧོར་གཙང་ཁུལ་མར་ཐང་ཉེ་འགྲམ་ལ་རི་བྲག་བཤིག་ཤིང་སློག་ནས་འཐག་སའི་ཨར་འདམ་བཟོ་གྲ་ཆུང་ཆུང་ཞིག་བཙུགས་ཡོད་པ། ཉེ་བའི་ལོ་ངོ་ཉི་ཤུ་རྩ་གྲངས་བར་དུ་རིམ་གྱིས་རྒྱ་ཆེར་བསྐྱེད་དང་ཕུགས་ཇེ་རིང་བཏང་ནས། ཁུལ་དེའི་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབ་ཆེན་བཟོ་བཞིན་པ་དང་། ས་སློག་པའི་རྡུལ་འཚུབ་དང་རྡོ་བསྲེག་པའི་དུག་རླངས་སམ་དུག་དུད་ཀྱིས་བྱ་དང་རི་དྭགས་སོགས་མང་པོ་གང་སར་ཤི་བ། ད་དུང་དུག་རྡུལ་ས་ལ་ཆགས་ནས་སྒོ་ཕྱུགས་སེམས་ཅན་ཤི་བ་སོགས་ས་གནས་བོད་མི་ཚོར་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་བཞིན་ཡོད་པ་དང་། བོད་མིའི་བདེ་སྡུག་ལ་བརྩི་མེད་རྡོག་རོལ་བཏང་བའི་དཀའ་ངལ་དེ་དག་ལ་བརྟེན་ཉེ་བའི་ཟླ་བ་འདིའི་ཟླ་འགོར་ཉིན་ཤས་རིང་ས་གནས་བོད་མིས་ངོ་རྒོལ་བྱས་ཡོད་པ་རེད། རྗེས་སུ་བསང་ཆུ་རྫོང་གི་རྫོང་དཔོན་སོགས་ས་གནས་ལ་འབྱོར་ནས་བར་འདུམ་བྱས་ཀྱང་བོད་མི་ཁག་གཅིག་འཛིན་བཟུང་བྱས་པ་ལས་རྗེས་སུ་གློད་བཀྲོལ་བཏང་ཡོད་མེད་སོགས་གསལ་བོ་མི་འདུག
དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། ཨར་འདམ་བཟོ་གྲ་དེའི་ནང་གི་ལས་བཟོ་བ་བརྒྱ་ཆ་དགུ་བཅུ་གོ་དགུ་རྒྱ་མི་ཤ་སྟག་ཡིན་པ་དང་། ས་གནས་ཡུལ་མིར་ཕན་ཐོགས་གང་ཡང་མེད་ཐོག བཟོ་གྲྭའི་འགོ་ཁྲིད་སོགས་ཀྱིས་ས་གནས་གཞུང་གི་ལས་ཁུངས་རིམ་པ་བརྒྱུད་ངན་འབྲེལ་བྱས་ནས་བོད་མི་རྣམས་ལ་གཉའ་གནོན་དང་། ས་བཙོང་བཅུག་པ། གནས་གཞན་ལ་སྤོར་བཅུག་པ་སོགས་བྱེད་བཞིན་ཡོད། ད་བར་ས་རྐོ་རྡོ་སློག་བྱས་རྐྱེན་ཧོར་གཙང་ཡུལ་དེར་གནམ་ལ་ཆར་ཆུ་ཉུང་ཞིང་ས་ལ་རྩི་ཤིང་སྐམ་པས། ཧོར་གཙང་ཡུལ་མི་ཚོའི་རི་ནས་སྒོ་ཕྱུགས་སྐྱོང་བའི་མཐུན་རྐྱེན་དང་འདབས་ནས་ཞིང་རྨོ་བྱེད་པའི་གོ་སྐབས་ཡོངས་སུ་འཕྲོག་བཞིན་པ་སོགས་ཉིན་རེའི་འཚོ་བའི་ཐད་དཀའ་ངལ་ཡོད་པ་སོགས་ཡིག་ཐོག་ནས་བརྗོད་བྱུང་།
དེ་སྔོན་སྤྱི་ལོ༢༠༡༠ལོའི་ཟླ་༡༠ཚེས༡༥ཉིན་ས་གནས་དམངས་ཚོགས་ཚོས་ཨར་འདམ་བཟོ་གྲའི་ལས་གཞི་རྒྱ་སྐྱེད་བྱེད་འཆར་ལ་ངོ་རྒོལ་བྱས་པར་དེ་མ་ཐག་བསང་ཆུ་རྫོང་གིས་དྲག་ཆས་ཉེན་རྟོག་པ་བཏང་ནས་མང་ཚོགས་ལ་ཉེས་རྡུང་ཚད་མེད་བཏང་བ་དང་། སྐབས་དེར་བོད་མི་འཇའ་ཁོ་དང་། མགོན་པོ་ལྷུན་གྲུབ། ཚེ་ལོ། མགོན་པོ་ཐར་སོགས་འཛིན་བཟུང་བྱས་བ་དང་། མང་པོར་རྨས་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད།
གསར་འགོད་པ་ཀླུ་འབུམ།