ཧོང་ཀོང་ནང་དམངས་གཙོ་དོན་གཉེར་བ་སེ་དུའུ་ཧའ་ཆེད་མྱ་ངན།
2011.01.29
༄༅༎ཧོང་ཀོང་དམངས་གཙོ་ཚོགས་པ་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པའི་འགན་འཛིན་སྙན་གྲགས་ཆེ་བའི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་སེ་དུའུ་ཧའ་ཡི་མྱ་ངན་དེ་བཞིན་དེ་རིང་གཟའ་སྤེན་པའི་ཉིན་ཧོང་ནང་སྤེལ་ཡོད་པ་རེད། མྱ་ངན་ཚོགས་འཛོམས་འོག་ཧོང་ཀོང་ནང་གི་དམངས་གཙོའི་མི་སྣ་ཕོན་ཆེ་སླེབས་ཡོད་པ་མ་ཟད་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གི་འགན་འཛིན་ཙང་དབྱིང་ཇོན་གྱིས་གཞུང་གི་ལས་ཁང་ཁག་དྲུག་གི་དཔོན་རིགས་ཀྱི་སྣེ་འཁྲིད་ནས་སྐུ་ཞབས་སི་དུའུ་ཧའ་ལ་མྱ་ངན་ཞུ་བར་ཕེབས་ཡོད་པ་དང་ཁོང་ཚོའི་མྱ་ངན་གྱི་མེ་ཏོག་ཐོག་འཁོད་པའི་ཡིག་འབྲུའི་ནང་རང་མིང་ལས་གཞུང་གི་ལས་གནས་ཀྱི་མིང་འཁོད་མེད་པ་རེད། དེ་མིན་མྱ་ངན་དུ་ཧོང་ཀོང་ནང་ཡོད་པའི་ཕྱི་རྒྱལ་རྒྱལ་ཁབ་ཉི་ཤུ་རྩ་ལྔ་ཙམ་གྱི་གཞུང་འབྲེལ་སྐུ་ཚབ་ཡང་ཕེབས་ཡོད་པ་རེད། ད་རེས་ཧོང་ཀོང་གི་སྙན་གྲགས་ཆེ་བའི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་སི་དུའུ་ཧའ་ལ་མྱ་ངན་ཞུ་བར་རྒྱ་ནག་༡༩༨༩ལོའི་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་འགོ་འཁྲིད་གྲས་ཝང་ཏན་དང་ འོར་འ་ཁད་ཤིས་གཉིས་ ཧོང་ཀོང་ནང་ཡོང་རྒྱུར་ཧོང་ཀོང་དམགིས་བསལ་སྲིད་འཛིན་ས་གནས་གཞུང་གིས་མཐོང་ཆན་སྤྲད་མེད་པར་བརྟེན་ ཁོང་གཉིས་ད་རེས་མྱ་ངན་གྱི་འདུ་འཛོམས་ཐོག་མཉམ་བཞུགས་གནང་ཐུབ་མེད་པ་རེད། སྐུ་ཞབས་སི་དུའ་ཧའ་དམ་པ་དེ་ཉིད་སྐུ་འཚོ་བཞུགས་སྐབས་ཧོང་ཀོང་ནང་དམངས་གཙོའི་ལས་དོན་ཐོག་ཕྱག་ལས་ཤུགས་ཆེ་གནང་མྱོང་ཡོད་པ་མ་ཟད་༨༩འུ་པེ་ཅིན་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེར་རྒྱབ་སྐྱོར་གྱི་ཚོགས་པ་ཞིག་ཡང་བཙུགས་གནང་ཡོད་པའི་ཁར་ ལས་འགུལ་དེར་རྒྱ་ནག་གཞུང་གི་དག་སེལ་དགོས་པའི་ལས་འགུལ་ཁོང་སྐུ་ཚེ་མ་ཟིན་པར་སྤེལ་མུས་ཡིན་པ་རེད༎