ལུག་གི་ལོར་ཚང་མ་ཞི་བདེ་མཉམ་གནས་གནང་རོགས།
2015.02.18
ཧོང་ཀོང་མི་དམངས་ཀྱིས་ལུག་གི་གཤིས་རྒྱུད་ལ་དཔེར་བལྟས་ནས་འཚེ་མེད་ཞི་བའི་ངང་ནས་གནས་དགོས་པའི་འབོད་སྐུལ་གནས་འདུག
དེ་ཡང་རྒྱ་ནག་གཞུང་དང་སེམས་ཐག་ཉེ་པོ་ཡོད་པའི་ཧོང་ཀོང་གི་དབུ་ཁྲིད་Leung Chun-yingཡིས་ཕྱི་ལོ་༢༠༡༥་གནམ་ལོ་གསར་བཞད་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཀྱི་གཏམ་བཤད་ནང་། ཕྱི་ལོ་༢༠༡༤ལོར་ཧོང་ཀོང་ནང་མི་མང་གིས་ཟླ་བ་མང་པོའི་རིང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་གནས་ཚུལ་དེ་ཚོ་དངོས་སུ་ལུང་འདྲེན་མ་གནང་བའི་ཐོག་ནས། འདས་པའི་ལོ་དེ་བཞིན་མི་མཐུན་པ་དང་། རྩོད་རྙོག་ཅན་ཞིག་བྱུང་ཡོད་ཀྱང་ལོ་གསར་པའི་ལོ་རྟགས་ནི་ལུག་ཡིན་སྟབས་ལུག་ཞི་བའི་ལམ་ནས་ཁྱུ་ལ་གནས་པའི་བློ་སྟོབས་ཡོད་པ་དང་། ཧོང་ཀོང་མི་མང་གིས་ལུག་གི་གཤིས་རྒྱུད་བཟང་པོ་དཔེ་བླངས་ནས་ཚང་མ་ཞི་བདེ་མཉམ་གནས་ངང་གནས་པའི་རེ་བ་ཡོད་ཅེས་གསུངས་འདུག
ཧོང་ཀོང་གི་དབུ་ཁྲིད་Leung Chun-yingཡིས་རྒྱ་ནག་ལ་ཤ་ཞེན་དང་སེམས་ཐག་ཉེ་པོ་གནང་བཞིན་པ་དེར་རང་དབང་མང་གཙོར་དགའ་བའི་ཧོང་ཀོང་མི་མང་གིས་ཡང་ཡང་ཁོང་ཁྲོ་དང་ཟུར་ཟ་བྱེད་ཀྱི་ཡོད་པ་དང་། དེ་རིང་ཧོང་ཀོང་གི་གསར་ཤོག་ཅིག་གི་ནང་། ཧོང་ཀོང་གི་དབུ་ཁྲིད་Leung Chun-yingལ་སྤྱང་ཀི་ཞེས་མིང་བཏགས་ནས་ཁྱེད་ཀྱིས་ཧོང་ཀོང་མི་མང་ཚང་མ་ལུག་ཆགས་ན་བསམ་ཀྱི་ཡོད་ཀྱི་རེད་ཅེས་ཟུར་ཟའི་ཐོག་ནས་འགྲེལ་བརྗོད་བྱས་འདུག སྔ་ལོ་ཧོང་ཀོང་ནང་མི་མང་སྟོང་ཕྲག་མང་པོས་རང་དབང་གི་ཐོག་དབུ་ཁྲིད་འོས་འདེམས་བྱ་རྒྱུའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཧོང་ཀོང་གི་དབུ་ཁྲིད་Leung Chun-yingནི་ལུག་གི་དགྲ་ངོ་མ་སྤྱང་ཀི་ལྟ་བུ་ཡིན་པའི་འཆར་སྣང་ཐོག་ནས་ཡང་སེ་འགྲེལ་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།