ཧོང་ཀོང་ནང་གི་གསར་འགོད་པ་ཚོའི་ཐོག་ཉེན་རྟོག་པས་དམ་དྲག།
2011.08.20
༄༅༎དེ་རིང་རེས་གཟའ་སྤེན་པའི་ཉིན་ཧོང་གི་གསར་འགོད་པ་དང་པར་པ་ ༣༠༠ ཙམ་ནས་ཁྲོམ་གཞུང་ནང་ཐོན་ནས་ས་གནས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཁོང་ཚོས་ད་རེས་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ནི་བདུན་ཕྲག་འདིའི་ནང་། རྒྱ་ནག་གི་སྲིད་བློན་གཞོན་པ་ལི་ ཁེ་ཆིང་ཧོང་ཀོང་ལ་འཚམས་འདྲི་གཟིགས་བསྐོར་ཕེབས་པའི་སྐབས་ཉེན་རྟོག་པས་ཁོང་ཚོའི་ཐོག་དེ་སྔ་ལས་ཧ་ཅང་ཛ་དྲག་པོའི་ཐོག་ནས་དམ་དྲག་ཤུགས་ཆེ་བྱས་པ་ནི་དེ་ནི་གསར་འགོད་རང་དབང་དང་། སྨྲ་བརྗོད་རང་དབང་ལ་བཙན་གནོན་བྱེད་པ་ཞིག་ཡིན་ལུགས་སྐྱོན་བརྗོད་བྱེད་ཡོད་པ་རེད། ད་རིང་རེས་གཟའ་སྤེན་པའི་གསར་འགོད་པ་ཚོས་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་གསར་འགྱུར་ལས་ཁུངས་ཀྱི་པར་པ་ཚོས་སོ་སོའི་པར་ཆས་སའི་སྒང་བཞག་ནས་ངོ་རྒོལ་གྱི་རྣམ་པ་བསྟེན་ཡོད་པ་བཅས་གང་ལྟར་ཧོང་གི་གསར་འགོད་པ་ཚོས་རྒྱ་ནག་དང་མི་འདྲ་བར་ཆབ་སྲིད་ཀྱི་ལམ་ལུགས་རང་སྐྱོང་གི་གནས་བབས་ཡོད་བཞིན་དུ་གསར་འགོད་རང་དབང་ལ་དམ་དྲག་བྱེད་པའི་བྱ་སྤྱོད་འདི་ཧ་ཅང་བློ་ཕམ་འོས་པ་ཞིག་རེད་ཅེས་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།