ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མིའི་འོས་བསྡུ།
2011.11.07
༄༅༎ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མིའི་འོས་བསྡུའི་ནང་རྒྱ་ནག་དབུས་གཞུང་དང་འབྲེལ་ལམ་ཟབ་པོ་ཡོད་པའི་ཚོགས་པ་ཁག་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད་ ད་ཐེངས་ཀྱི་ཧོང་ཀོང་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་མིའི་འོས་བསྡུ་དེར་འོས་བསྡུ་བ་མི་གྲངས་ས་ཡ་ ༡ དང་གྲངས་ཆུང་ ༢ ཀྱིས་མཉམ་ཞུགས་གནང་ཡོད་པ་དང་དེ་ནི་འོས་བསྡུ་བའི་གྲངས་འབོར་གྱི་བརྒྱ་ཆ་ ༤༡ དང་གྲངས་ཆུང་ ༤ ཆགས་ཀྱི་ཡོད་སྐོར་ཧོང་ཀོང་གཞུང་གིས་གསུང་ཡོད་པ་རེད་ ད་ཐེངས་ཀྱི་འོས་བསྡུ་དེའི་ནང་ཚོགས་མིའི་གདན་ཐོབ་ ༣༣༦ ལ་མི་གྲངས་ ༨༣༩ ཡིས་འགྲན་བསྡུར་ནང་ཞུགས་ཡོད་པ་དང་འོས་བསྡུའི་ནང་གྲོང་ཁྱེར་ནང་མི་མང་ལ་སྡོད་ཁང་འདེངས་ངེས་མེད་པའི་དཀའ་ངལ་དང་སྤྱི་ཚོགས་ཞབས་ཞུ་དེ་བཞིན་ཡུལ་ཐང་རིན་གོང་ཇེ་ཆེར་འཕར་བའི་གནད་དོན་སོགས་ཀྱི་སྐོར་བགྲོ་གླེང་གནང་ཡོད་པ་རེད་ འོས་བསྡུའི་ནང་རྒྱ་ནག་གུང་བྲན་གཞུང་དང་འབྲེལ་ལམ་ཟབ་པོ་ཡོད་པའི་ DAB ཞེས་པའི་ཚོགས་པར་ཞབས་སྟེག་གྲངས་ ༡༣༦ ཐོབ་ཡོད་པ་དང་གྲོང་ཁྱེར་གྱི་དམངས་གཙོ་ཚོགས་པར་ཞབས་སྟེགས་གྲངས་ ༤༧ ལས་ཐོབ་མེད་པ་རེད་ ཡང་རྒྱ་ནག་གུང་བྲན་གཞུང་དང་འབྲེལ་བ་ཉེ་པོ་ཡོད་མཁན་ The Federation of Trade Union ཞེས་པའི་ཚོགས་པར་ཞབས་སྟེགས་གྲངས་ ༢༩ ཐོབ་ཡོད་པ་དང་ཞབས་སྟེག་གྲངས་ ༧༦ ལ་འོས་བསྡུའི་ནང་འགྲན་རྩོད་གནང་མཁན་བྱུང་མེད་པ་རེད་ ཧོང་ཀོང་ནང་གཙུག་ལག་སློབ་གཉེར་ཁང་ཞིག་གི་སྲིད་དོན་སློབ་དཔོན་སྐུ་ཞབས་མའ་ངོཀ་ཡིས་ད་ཐེངས་ཀྱི་འོས་བསྡུ་དེ་རྒྱ་གཞུང་དང་ཉེ་འབྲེལ་ཡོད་པའི་ཚོགས་པ་ཁག་ལ་ཐོབ་དགོས་པའི་རྒྱུ་མཚན་ནི་ཚོགས་པ་དེ་དག་ལ་འོས་བསྡུའི་ལས་དོན་ཐོག་དངུལ་ཧ་ཅང་གི་འཕོན་ཆེན་ཡོད་པ་མ་ཟད་ཁོང་ཚོའི་འོས་བསྡུའི་ལས་དོན་དེ་ཧ་ཅང་གི་ཚག་འཚུག་པོ་ཡོད་པའི་རྒྱུ་མཚན་གསུང་ཡོད་པ་རེད་ ཧོང་ཀོང་ནང་གི་རེས་གཟའ་ཉི་མའི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུ་དེ་གལ་གནད་ཆེན་པོ་ཆགས་པར་མི་མང་པོས་དོ་སྣང་ཆེན་པོའི་ཐོག་བལྟ་ཞིབ་གནང་ཡོད་པ་དང་ད་ཐེངས་ཀྱི་འོས་བསྡུའི་ནང་ཐོབ་མཁན་རྣམས་མ་འོང་པར་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་འཐུས་མིར་བཞེངས་ཆོག་གི་ཡོད་པ་རེད་