རྒྱ་ནག་གཞུང་གིས་གཅིག་གྱུར་སྤྱི་སྐད་སྤྱོད་ཐབས་ལ་ངོ་རྒོལ།
2010.07.27
༄༅༎རྒྱ་ནག་གཞུང་གིས་ཀོང་ཏོང་གི་སྐད་གདངས་མེད་པ་བཟོས་ཏེ་རྒྱ་ནག་རྒྱལ་ཡོངས་སུ་པེ་ཅིང་གི་སྐད་གདངས་སྤྱི་སྐད་དུ་གཅིག་གྱུར་བཟོ་རྒྱུའི་འཆར་གཞི་དེར་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་མི་དམངས་ཀྱིས་ཀོང་ཏོང་སྐད་ཡིག་སོར་གནས་ཐུབ་ཐབས་སུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད།
ཉེ་ཆར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏོང་ཞིང་ཆེན་གྱི་ཀོང་ཀྲུའུ་གྲོང་ཁྱེར་ནང་མི་དམངས་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་གཞུང་གི་འཆར་གཞི་དེར་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས། ཧོང་ཀོང་ནང་ལས་འགུལ་དེ་གོ་སྒྲིག་བྱེད་མཁན་གྱིས་དེང་སྐབས་དྲ་རྒྱའི་ཐོག་དར་བཟོ་ཆེ་བའི་ཕེ་སི་སྦུཀ་Face bookཟེར་བའི་ཐོག་ཁོང་ཚོའི་ཡུལ་སྐད་ཀོང་ཏོང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་གི་ལྷོ་ཕྱོགས་ཀྱི་བརྙན་འཕྲིན་ལས་ཁང་ཡོངས་རྫོགས་ཀྱི་ལས་རིམ་ད་ལྟ་ཀོང་ཏོང་སྐད་ཡིག་བེད་སྤྱོད་བྱེད་པ་ཚང་མ་པེ་ཅིང་གི་སྐད་ཡིག་ཐོག་ནས་རྒྱང་བསྲིང་བྱེད་དགོས་པའི་སློབ་སྟོན་གྱི་གསལ་བསྒྲགས་ཤིག་སྤེལ་བའི་རྗེས་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་ཡོད་པ་རེད།
ཧོང་ཀོང་ནང་ལས་འགུལ་གོ་སྒྲིག་བྱེད་མཁན་གྲས་ཤིག་གིས། རྒྱ་ནག་གཞུང་གིས་ཁོང་ཚོའི་ཀོང་ཏོང་གི་ཡུལ་སྐད་མེད་པ་བཟོས་ཏེ་སྐད་གཅིག་གྱུར་བཟོ་ཐབས་བྱེད་པའི་བྱ་སྤྱོད་དེ་ནི་རྒྱལ་ཁབ་དེའི་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཐོག་དྲག་གནོན་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་དང༌། ཁོང་ཚོས་རེས་གཟའ་ཉི་མའི་ངོ་རྒོལ་གྱི་ལས་འགུལ་དེའི་ནང་མི་དམངས་འབུམ་གཅིག་འདུ་འཛོམས་ཡོང་བའི་རེ་བ་བྱེད་པ་མ་ཟད། ད་དུང་Face bookགྱི་དྲ་རྒྱའི་ཐོག་ལ་མི་དམངས་༡༥༠ལྷག་གིས་ས་ཡིག་བཀོད་དེ་རེས་གཟའ་མིག་དམར་ཉིན་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བྱེད་པ་དེའི་ནང་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏོང་ཞིང་ཆེན་ནས་མི་ཁག་ཅིག་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།