དོགས་གཞི་ཅན་གྱི་མི་སྣ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་གཞི།
2019.05.11

ཉེ་ཆར་ཧོང་ཀོང་གཞུང་ནས་གཏན་འཁེལ་བྱས་པའི་ས་གནས་ནས་དོགས་གཞི་ཅན་གྱི་ནག་ཅན་པ་རྒྱ་ནག་ལ་སོགས་པའི་རྒྱལ་ཁབ་ཁག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་གཞི་དེར་བརྟེན་ཧོང་ཀོང་ས་གནས་སྲིད་གཞུང་གི་གྲོས་ཚོགས་ནང་རྒྱ་ནག་གུང་ཁྲན་ཏང་གཞུང་གི་ཕྱོགས་གཏོགས་ཀྱི་འཐུས་མི་དང་མང་གཙོ་ཚོགས་པའི་འཐུས་མིའི་དབར་འཁྲུགས་འཛིངས་བྱུང་ཡོད་འདུག རེས་གཟའ་སྤེན་པ་ཉིན་གྱི་ལག་འཛིངས་དེ་ཧོང་ཀོང་གྲོས་ཚོགས་ནང་གོང་ཞུས་དོགས་གཞི་ཡོད་པའི་ནག་ཅན་པ་ཁག་རྒྱལ་ཁབ་གཞན་ཁག་ལ་རྩིས་སྤྲོད་ཀྱི་ཁྲིམས་གཞིའི་ཐོག་རྒྱ་ནག་གུང་ཁྲན་ཏང་གཞུང་ལ་ཞེན་ཁོག་བྱེད་མཁན་དང་མང་གཙོའི་ལྟ་བ་བཟུང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རང་རང་སོ་སོའི་ཕྱོགས་གཏོགས་ཀྱི་ཉན་ཞིབ་ཀྱི་ཚོགས་འདུ་བྱེད་སྐབས་བྱུང་ཡོད་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ལྕོགས་རྩེའི་སྟེངས་བཞེངས་ནས་ཕན་ཚུན་ཁུ་ཚུར་གཞུ་རེས་བྱས་པ་དང་ཕན་ཚུན་ཚིག་ངན་བེད་སྤྱོད་བྱེད་སྐབས་ཉུང་མཐར་གྲོས་ཚོགས་ཀྱི་འཐུས་མི་གཅིག་སྨན་ཁང་དུ་བསྐྱེལ་འདྲེན་བྱེད་དགོས་བྱུང་ཡོད་འདུག།
གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།