ནང་སྲིད་བཀའ་བློན་ཨི་ཊ་ལིར་ཕེབས་པ།
2013.08.05

༄༅༎ཕྱི་ཟླ་ ༨ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཨི་ཊ་ལི་ཁུལ་གནས་སྡོད་བོད་རིགས་རྣམས་ལ་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་སྐྱོ་བ་ཁག་སྲ་བརྟན་ཐུབ་ཐབས་ཆེད་རྒྱབ་སྐྱོར་གནང་རྒྱུའི་འགན་ཆེ་ཙམ་འཁྱེར་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་དང། གྲོང་ཁྱེར་མི་ལཱན། ལྷོ་ཊེ་རོལ་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ལ་བཀའ་ཤག་སྐབས་བཅུ་བཞི་པའི་ལས་འཆར་ནང་ནུབ་ཕྱོགས་ཡུལ་གྲུར་གནས་སྡོད་བྱེད་བཞིན་པའི་བོད་རིགས་རྣམས་ཀྱིས་རྒྱ་གར་ནང་གི་གཞིས་ཆགས་སྐྱོ་བ་ཁག་ལ་རོགས་སྐྱོར་གྱིས་གཞིས་ཆགས་སྲ་བརྟན་ཡོང་བ་བཟོ་རྒྱུའི་ལས་གཞིའི་སྐོར་ངོ་སྤྲོད་གནང་འདུག་ལ་བཀའ་བློན་མཆོག་གིས་ལས་གཞི་འདི་ནི་ཆིག་སྒྲིལ་དང། གསར་གཏོད། རང་ཁ་རང་གསོ་བཅས་བཀའ་ཤག་གི་ལྟ་གྲུབ་གསུམ་གཞིར་བཞག་པའི་ཐོག་ ནུབ་ཕྱོགས་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་དབར་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་གཞི་དང་འབྲེལ་བ་ཆགས་ཡོད་པ་དང། ལས་གཞི་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ཆགས་ཁག་ ༡༠ ནང་ལག་བསྟར་གནང་འཆར་ཡོད་ལུགས་གསུངས་བཞག།