འདི་ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་སྒྱུར་མཛད་རྒྱུའི་བཀའ་བཞེས་ཟབ་མོ་ཐོབ་ཡོད་པ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་འགྲེལ་བརྗོད་གནང་བྱུང་།

2022.04.18
འདི་ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་སྒྱུར་མཛད་རྒྱུའི་བཀའ་བཞེས་ཟབ་མོ་ཐོབ་ཡོད་པ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་འགྲེལ་བརྗོད་གནང་བྱུང་། འདི་ཚེས་ ༡༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁྲིག་སེ་དགོན་པའི་ཁྲིག་སེ་རིན་པ་ཆེས་གཙོས་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་དང་། ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་བཤད་སྒྲུབ་བྱམས་པ་ལགས་བཅས་ལ་མཇལ་ཁ་སྩལ་པ་།
OHHDL

འདི་ཚེས་ ༡༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཁྲིག་སེ་དགོན་པའི་ཁྲིག་སེ་རིན་པོ་ཆེ་གཙོས་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་དང་། ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་བཤད་སྒྲུབ་བྱམས་པ་ལགས་བཅས་ལ་མཇལ་ཁ་སྩལ་པའི་སྐབས་མགོན་པོ་གང་ཉིད་རིང་མིན་ཟླ་བ་ ༧ འམ་ ༨ པའི་ནང་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུའི་བཀའ་བཞེས་ཟབ་མོ་ཐོབ་འདུག
ད་རེས་མཇལ་ཁའི་སྐབས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་བ་འདེབས་ཞུས་པ་བཞིན་རིང་མིན་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུའི་བཀའ་བཞེས་ཟབ་མོ་ཐོབ་པར་དགའ་སྤོབས་ཡོད་པ་ཁྲིག་སེ་རིན་པོ་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཁྲིག་སེ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཡང་གནང་འདུག
ཡང་ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་ཚེ་དབང་ཀྱིས་ད་རེས་མཇལ་ཁའི་སྐབས་༸གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུའི་བཀའ་བཞེས་ཐོབ་པར་ཙམ་མ་ཟད། བདེ་མཆོག་ལཱུ་ཨི་པའི་བཀའ་དབང་སྩལ་རྒྱུའི་བཀའ་བཞེས་ཀྱང་སྤྱི་སྨིན་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ལ་དྭགས་ནང་པའི་མཐུན་ཚོགས་ནི་ཕྱི་ལོ་ ༡༩༣༣ ལོར་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། དེའི་དམིགས་ཡུལ་གཙོ་བོ་ནི་ལ་དྭགས་ཁུལ་དུ་སྒྱུར་བཅོས་དགོས་རིགས་དང་། རིག་གཞུང་གཅེས་ཉར་སོགས་ལ་ཕྱག་ལས་གནང་གི་ཡོད་འདུག གཞན་ཡང་ད་རེས་མཇལ་ཁའི་གོ་སྐབས་དང་ཆིབས་སྒྱུར་གྱི་བཀའ་བཞེས་ཐོབ་པར་ལ་དྭགས་དགོན་ཚོགས་ཀྱི་ཚོགས་གཙོ་བཤད་སྒྲུབ་བྱམས་པ་ལགས་ཀྱིས་དགའ་ཚོར་ཆེན་པོ་ཡོད་པ་གསུངས་བྱུང་། ལ་དྭགས་དགོན་པའི་ཚོགས་པ་ནི་ཕྱི་ལོ་ ༡༩༤༩ ལོར་བ་ཀུ་ལ་རིན་པོ་ཆེ་སྐུ་ཕྲེང་ ༡༩ པས་དབུ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། ལ་དྭགས་སུ་ཡོད་པའི་དགོན་པ་ཡོངས་རྗོགས་ཚོགས་པ་དེའི་ཁོངས་སུ་ཚུད་ཀྱི་འདུག
དེ་སྔོན་ཏོག་དབྱིབས་ནད་དུག་མ་ཁྱབ་པའི་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཕྱི་ལོ་ ༢༠༡༨ ཟླ་བ་ ༧ ཚེས་ ༣ ཉིན་ཞབས་སོར་བདེ་འཁོད་ཀྱིས་ཟླ་དེའི་ཚེས་ ༣༠ ནས་ཟླ་བ་ ༨ ཚེས་ ༡ བར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་སྩལ་གནང་མཛད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎