ཅེཀ་ནང་ཆིབས་བསྒྱུར།
2013.08.27

༄༅། །བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Aung Sun Suu Kyi རྣམ་གཉིས་རིང་མིན་ཕྱི་ཟླ་དགུ་པའི་ནང་Czech སྤྱི་མཐུན་རྒྱལ་ཁབ་ནང་ཚོགས་རྒྱུའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སུ་ཚོགས་བཅར་གནང་གི་ཡོད་པ་རེད།
དེ་ཡང་ལྷན་ཚོགས་དེ་གོ་སྒྲིག་གནང་མཁན་གྱི་མགྲིན་ཚབ་པ་Filip Sebek ཡིས་དེ་རིང་ཕེ་རན་སི་གསར་འགྱུར་ལས་ཁང་གི་བཅར་འདྲི་དང་ལེན་གནང་སྐབས། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Aung Suu Suu Kyi རྣམ་གཉིས་འཛམ་གླིང་གི་མཚན་སྙན་ཆེ་བའི་Nobel ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཡིན་ཞིང། ཁོང་རྣམ་གཉིས་ཀྱིས་ལྷན་ཚོགས་ཐོག་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པའི་སྐོར་གསུང་ཡོད་པ་རེད། འོན་ཀྱང་ལྷན་ཚོགས་གོ་སྒྲིག་གནང་མཁན་གྱི་ངོས་ནས་གཞུང་འབྲེལ་གྱི་ཐོག་ནས་༧གོང་ས་མཆོག་དང་ལྕམ་Aung Sun Suu Kyi རྣམ་གཉིས་ཕན་ཚུན་མཇལ་འཕྲད་བཀའ་མོལ་གནང་རྒྱུའི་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་མེད་ཀྱང་། ཁོང་རྣམ་གཉིས་སྐུ་སྒེར་གྱི་ཐོག་ནས་མཇལ་འཕྲད་གནང་སྲིད་པར་བཀག་འགོག་གང་ཡང་ཞུ་རྒྱུའི་འཆར་གཞི་མེད་སྐོར་གསུངས་ཡོད་པས་མ་ཚད། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་གནང་བ་ཙམ་གྱིས་རྒྱ་ནག་གཞུང་ཁོང་ཁྲོ་ལངས་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། དེའི་རྒྱུ་མཚན་ནི། རྒྱ་ནག་ནི་འབར་མའི་མཐུན་གྲོགས་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་གྲས་ཞིག་ཡིན་པས་མ་ཟད། འབར་མའི་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཏེ་འབར་མའི་རྒྱལ་ནང་གི་ཚོང་གི་གཞི་ཡུལ་ནང་རྒྱ་ནག་ཕྱོགས་ནས་དཔལ་འབྱོར་གྱི་མ་རྩ་འཛུགས་འཇོག་བྱེད་མཁན་གྱི་ཚོང་འབྲེལ་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པའི་ཁར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པར་དྲིལ་བསྒྲགས་བྱ་ཡུལ་ཡིན་པའི་རྒྱུ་མཚན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། །