༧གོང་ས་མཆོག་ཟླ་བཅུ་པའི་ནང་ཨ་རིར་ཆིབས་བསྒྱུར།
2012.01.19
༄༅༎ཨ་རིའི་ཀ་ནེ་ཀྲི་ཀེཏ་མངའ་སྡེའི་ཌེན་སྦ་རི་གྲོང་ཁྱེར་རུ་ཆགས་པའི་ལྦེསི་ཀྲན་ཀ་ནེ་ཀྲི་ཀེཏ་སི་ཀྲེཏ་(Western Connecticut State University)ཞེས་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་དང་དེ་བཞིན་ཁུལ་དེའི་ནང་རྟེན་གཞི་བྱས་པའི་མདོ་སྔགས་ཀུན་ཕན་གླིང་ཆོས་ཚོགས་གཉིས་ཀྱིས་ ཟུང་འབྲེལ་གྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ རིང་མིན་ཕྱི་ཟླ་༡༠པའི་ནང་ སློབ་གཉེར་ཁང་དེར་ཉིན་གཉིས་ཀྱི་རིང་བཀའ་སློབ་གསུང་བཤད་བསྩལ་རྒྱུའི་ཞལ་བཞེས་ཐོབ་ཡོད་པའི་སྐོར་ གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་ཇེམ་སི་ཤི་མོ་ཏར་(James Schmotter)ཞུ་བའི་གསལ་བསྒྲགས་གནང་བཞག་༎
སྐུ་ཞབས་ཇེམ་སི་ཤི་མོ་ཀྲར་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་ནང་ཆིབས་བསྒྱུར་གྱི་མཛད་འཆར་ཁོངས་སུ་ འདི་ལོ་ཕྱི་ཟླ་༡༠པའི་ཚེས་༡༨གྱི་ ཉིན་རྒྱབ་ཚོུད་༡དང་ཕྱེད་ཀ་ནས་ ༣བར་དང་ ཡང་ ཕྱི་ཚེས་༡༩འི་སྔ་དྲོ་ཚོུད་༩དང་ཕྱེད་ཀ་ནས་ ༡༡དང་ཕྱེད་ཀ་བཅས་ ཉིན་གཉིས་ཀྱི་རིང་ གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པའི་སྐོར་ངོ་སྤྲོད་གནང་བཞག་ གོང་གསལ་ཀ་ནེ་ཀྲི་ཀེཏ་Connecticut མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་སྐུ་ཞབས་ཤི་མོ་ཀྲར་དང་མདོ་སྔགས་ཀུན་ཕན་གླིང་ཆོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཇེམ་སི་ཁུ་ལྦར་ཞུ་བ་རྣམས་གཉིས་ནས་ཉེ་ཆར་ཚེས་༡༠ཉིན་ གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ལྷན་དང་མཇལ་འཛོམས་སྐབས་ སྐུ་ཚབ་དོན་གཅོད་མཆོག་ནས་༸གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མཛད་འཆར་གཏན་འབེབས་གནང་འདུག་པ་དང་ ཆབས་ཅིག་ཁུལ་དེའི་ནང་གོང་ས་མཆོག་གིས་མཛད་རིམ་གོ་སྒྲིག་ཞུ་ཕྱོགས་ཐད་བཀའ་བསྡུར་ཞིབ་ལྷུག་གནང་ཡོད་འདུག ཀ་ནེ་ཀྲི་ཀེཏ་མངའ་སྡེའི་གཙུག་ལག་སློབ་གྲའི་དབུ་འཛིན་ཤི་མོ་ཀྲར་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཏ་ལའི་བླ་མ་མཆོག་ནས་ གཙུག་ལག་སློབ་གྲ་དེའི་ནང་ཆིབས་བསྒྱུར་གྱི་ཞལ་བཞེས་གཏན་འབེབས་གནང་པར་དགའ་ཚོར་དཔག་མེད་དང་ ༸གོང་ས་མཆོག་གི་བཀའ་སློབ་གསུང་བཤད་ནས་ མང་ཚོགས་ཁྲོད་ཤེས་རྨོངས་ཀྱིས་ལས་ལ་གདོང་ལེན་བྱ་ཕྱོགས་ཐད་སློབ་གསོའི་རེ་སྒུག་ཆེ་བཞེས་གནང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག་༎