༸གོང་ས་མཆོག་གིས་ལ་དྭགས་སུ་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་བ།

2022.08.26
༸གོང་ས་མཆོག་གིས་ལ་དྭགས་སུ་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་བ། ༸གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལོར་ཞབས་སོར་འཁོད་པའི་པར་རིས། ༢༠༢༢།༠༨།༢༦
Reuters
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཉིན་༤༥ཡི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཟླ་༨པའི་ཚེས་༢༦ཉིན་ལ་དྭགས་གླེ་རུ་ཡོད་པའི་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ་མཆོག་གནམ་ཐང་བརྒྱུད་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་སོང་ལ། ལ་དྭགས་ཁྲིག་སེ་དགོན་པའི་དགོན་བདག་ས་ཁྲིག་སེ་རིན་པོ་ཆེ་མཆོག་ནས་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཡུན་རིང་བཞུགས་གནང་བ་དང་། རྗེས་ཕྱོགས་སླར་ཡང་ལ་དྭགས་སུ་ཕེབས་གནང་རྒྱུའི་ཞལ་བཞེས་གནང་བར། ལ་དྭགས་མི་མང་ཡོངས་ལ་དགའ་དད་སྤྲོ་གསུམ་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། 
དེ་བཞིན་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་ནས། རྩ་བའི་བླ་མ་ལ་དྭགས་ལ་ཁྱོན་ཉིན་གྲངས་༤༠ལྷག་བཞུགས་གནང་བ་དང་། ཐེངས་འདིར་༸གོང་ས་མཆོག་ལ་དྭགས་ཟངས་དཀར་དང་ལིང་ཤེད་དགོན་སོགས་ལ་ཕེབས་གནང་སྟེ །བཀའ་སློབ་བཀའ་ཆོས་ཀྱི་བཀའ་དྲིན་བསྐྱངས་གནང་བ་དང་། ༧གོང་ས་མཆོག་ནས་བཀའ་ཆོས་བཀའ་དྲིན་གཅིག་པུ་མིན་པར་ས་གནས་ཀྱི་ཆོས་ལུགས་འདྲ་མིན་གྱི་སྤྱི་ཚོགས་དང་མཇལ་འཕྲད་ཀྱིས། ཆོས་ལུགས་མཐུན་སྒྲིལ་དང་དམིགས་བསལ་ཁོར་ཡུག་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་གནང་བ་དེ་ལ་དྭགས་མི་མང་གི་བསོད་ནམས་ཡིན་པ་བརྗོད་བྱུང་། 
photo1661493146.jpeg
ཡང་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་འཐུས་GHULAM MEHDIལགས་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་ད་ལན་ལ་དྭགས་ས་གནས་སུ་ཕེབས་པ་དེ་ཚགས་ཚུད་པོ་བྱུང་སོང་བསམ་གྱི་འདུག་ལ། ༸རྒྱལ་བ་རིན་པོ་ཆེ་མཆོག་ནས་ལ་དྭགས་དད་ལྡན་མི་མང་ལ་བཀའ་སློབ་ཟབ་མོ་གནང་བ་དེ་ང་ཚོའི་དུས་རྒྱུན་དུ་ལག་ལེན་བྱ་རྒྱུར་འབད་བརྩོན་གནང་གི་ཡོད་ལ། ད་ལན་ཡང་ང་ཚོ་ལ་དྭགས་གཅིག་པུ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་ཕན་པའི་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་པ་དང་། ད་ལན་ལ་དྭགས་ས་གནས་སུ་ས་ཕྱོགས་གང་སར་ཕེབས་ནས་སྤྱི་ཚོགས་མཐུན་སྒྲིལ་ཐོག་བཀའ་སློབ་གནང་བ་དེ་ལ་དྭགས་གཅིག་པུ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་ཕན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་པ་བརྗོད་བྱུང་། 
མཐའ་དོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ལ་དྭགས་ས་གནས་སུ་ཕེབས་པ་ནི་ཐེངས་༢༥པ་དེ་རེད་འདུག་ལ། མགོན་པོ་མཆོག་ནས་ཉིན་གཅིག་བོད་ཀྱི་གྲོགས་པོ་ལ་དྭགས་པ་ཚང་མ་དང་མཉམ་དུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཕེབས་ཐུབ་པའི་བཀའ་སློབ་ཟབ་མོ་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎