གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་རྒྱུ།
༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་གར་གྱི་ཉེན་རྟོག་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༡༧ཉིན། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཉེན་རྟོག་པའི་ལས་འགན་ནང་དུ་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་། དེ་ནས་ཕྱི་ཟླ་གཉིས་པའི་ཚེས་༢༧བོད་ཟླ་དང་པོའི་ཚེས་༡༥ ཆོ་འཕྲུལ་དུས་ཆེན་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་གསུང་ཆོས་བསྡུས་པ་ཞིག་བཀའ་དྲིན་བསྩལ་རྒྱུ་དང་ལྷན་དུ་ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་དང་། དེ་ནས་ཉིན་གྲངས་གསུམ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠།༣༠ བར་དྲ་ལམ་བརྒྱུད་ཆོས་འབྲེལ་དང་ཚན་རིག་སྐོར་ལ་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་སོག་རིགས་གཞོན་སྐྱེས་ཚོར་ཚན་རིག་གི་སྐོར་ནས་བཀའ་སློབ་དང་དྲི་བ་དྲིས་ལན་གནང་རྒྱུ་དང་། ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་སོག་པོའི་དད་ལྡན་མི་མང་ལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག མཛད་རིམ་དེ་དག་ཚང་མ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་གནང་རྒྱུ་མ་ཟད་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་རྒྱུའི་སྐུལ་མ་ཡང་གནང་འདུག།