༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ཁག་ལ་ཆེས་བསྟོད་སླད་གྷན་དྷི་མན་ཌ་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་གནང་བ།

2022.11.19
༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ཁག་ལ་ཆེས་བསྟོད་སླད་གྷན་དྷི་མན་ཌ་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་གནང་བ། ༸གོང་ས་མཆོག་ལ་གསེར་གྱི་རྟགས་མའི་གཟེངས་རྟགས་འབུལ་བཞེས་མཛད་པའི་སྐབས། ༢༠༢༢།༡༡།༡༩ ཉིན།
Photo: RFA

རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྷན་དྷི་མན་ཌ་ལ་ཚོགས་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་ ༡༩ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རཱའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Rajendra Arlekarལགས་དང་། རྒྱ་གར་དབུས་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ཞབས་KG Balakrishnanལགས། གོང་ཞུས་ཚོགས་པ་དེ་ཉིད་ཀྱི་གཙོ་འཛིན་གཙོས་པའི་ཚོགས་མི་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཙོས་པའི་མཛད་གཙོ་རྣམ་པ། དེ་བཞིན་རྡ་ས་ཁུལ་གྱི་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཐོག་མགོན་པོ་གང་ཉིད་མཆོག་གིས། ད་བར་འགྲོ་བ་མིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་མཛད་རྗེས་ཁག་ལ་ཆེས་བསྟོད་སླད་༸གང་ཉིད་མཆོག་ལ་གྷན་དྷི་མན་ཌ་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་གནང་སོང་།

སྐབས་དེར་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་། གཟེངས་རྟགས་དེ་མགོན་པོ་གང་ཉིད་མཆོག་ལ་འབུལ་བཞེས་མཛད་པར་ཐུགས་རྗེ་ཆེ་ཞུས་བ་དང་སྦྲགས། ཐུགས་བརྩེ་བ་ཆེན་པོས་མུ་མཐུད་འགྲོ་དོན་མཛད་འཕྲིན་སྐྱོང་རྒྱུ་ཡིན་པ་གསུངས་ཤིང་། ཆོས་དད་ཡོད་མེད་ལ་མ་བལྟོས་པར་སེམས་བཟང་པོ་བྱས་པ་ཡིན་ན། རང་བཞིན་གཉིས་ལ་བདེ་སྐྱིད་ཡོང་ངེས་ཡིན་པ་མ་ཟད། འཚེ་བ་མེད་པ་དང་སྙིང་རྗེ་གཉིས་ནི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པ་བཀའ་གནང་སོང་། 

WhatsApp Image 2022-11-19 at 1.16.51 PM.jpeg

གསེར་གྱི་གཟེངས་རྟགས་འདི་ནི་རྒྱ་གར་ནང་གསེར་གྱི་གཟེངས་རྟགས་རིན་གོང་ཆེ་ཤོས་གྲས་ཤིག་ཡིན་པ་གོང་ཞུས་ཚོགས་པས་བསྒྲགས་འདུག་པ་མ་ཟད། འདི་ནི་དེ་སྔོན་དུས་རབས་ཉི་ཤུ་པའི་ནང་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་བདག་ཉིད་ཆེན་པོ་གྷན་དྷི་མཆོག་དང་། ཨ་ཕྷི་རི་ཀའི་ནང་རང་དབང་འཐབ་རྩོད་པ་སྐུ་ཞབས་Nelson Mandelaརྣམ་གཉིས་ནས་འཇོག་པའི་མཛད་རྗེས་ཁག་མུ་མཐུད་རྒྱུན་སྐྱོང་གནང་མཁན་རླབས་ཆེན་གྱི་སྐྱེས་བུ་དག་ལ་འབུལ་རྒྱུའི་ཐག་གཅོད་གནང་བ་བཞིན། རྒྱ་གར་དང་བལ་ཡུལ་། དེ་བཞིན་Bangladeshབཅས་རྒྱལ་ཁབ་གསུམ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་ལྔ་མཐུན་མོང་ལས་གྲུབ་པའི་བཤེར་དཔང་ལྷན་ཚོགས་ནས་གྷན་དྷི་མན་ཌ་ལའི་གསེར་གྱི་གཟེངས་རྟགས་ཐོག་མ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུའི་ཐག་གཅོད་གནང་ཡོད་འདུག  

ཡང་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་། མུ་མཐུད་བཀའ་སློབ་སྩལ་བའི་ནང་། འགྲོ་བ་མི་ཚང་མས་གོ་ལ་གཅིག་འགྱུར་གྱི་འདུ་ཤེས་སྐྲུན་དགོས་གལ་ཆེ་ཞིང་། ལྷག་ཏུ་གཅིག་གིས་གཞན་གང་ཐུབ་ཀྱིས་ཕན་ཐོགས་སྐྲུན་ཏེ། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་འཁོར་བ་མཉམ་ཁུར་བྱས་པ་ལྟ་བུ་གནས་དགོས་པ་ལས། རང་རྒྱལ་གཞན་ཕམ་གྱི་བསམ་བློ་རྐྱང་རྐྱང་གཏོང་བསྡད་པ་ཡིན་ན། འགྲིག་ཐབས་མེད་པའི་སྐོར་བཀའ་སློབ་འདི་ལྟར་ཕེབས་གནང་སོང་། 

ཡང་སྐབས་དེར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Rajendra Arlekarལགས་ཀྱིས། མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བའི་ནང་། ༸གོང་ས་ཏཱ་ལའི་བླ་མཆོག་གི་སྦྱན་རླབས་ལ་བརྟེན་ནས། ང་ཚོ་དེ་རིང་འདིར་ལྷན་འཛོམས་གནང་ཐུབ་པ་དེ་ནི་ཧ་ཅང་གི་བསྐལ་བ་བཟང་པོ་རེད་བསམ་གྱི་འདུག་ལ། ངའི་མི་ཚེའི་ནང་རླབས་ཆེན་གྱི་མི་སྣ་འདི་ལྟ་བུའི་སྐུ་མདུན་དུ་གཟེངས་རྟགས་འབུལ་རྒྱུའི་གོ་སྐབས་དེ་ལས་ལྷག་པ་ཐོབ་རྒྱུ་མིན་པ་ནི་བརྗོད་མི་དགོས་པ་ཞིག་རེད་ཅེས་གསུངས་གནང་སོང་།

ཡང་སྐབས་དེར་རྒྱ་གར་རྒྱལ་ཡོངས་གྷན་དྷི་མན་ཌ་ལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Shyam Jajuལགས་ཀྱིས། གཟེངས་རྟགས་དེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་ཏཱ་ལའི་བླ་མཆོག་ལ་འབུལ་རྒྱུ་་བྱུང་བ་ནི་གོང་ཞུས་ཚོགས་པ་དེ་ཉིད་ཀྱི་གཟིགས་བརྗིད་ཡིན་པ་གསུངས་གནང་སོང་།

གཞན་ཡང་གྷན་དྷི་མན་ཌ་ལ་ཚོགས་པ་་ནི་རྒྱ་གར་དབུས་གཞུང་གི་ཐེབས་རྩའི་ཁྲིམས་ཡིག་གཞིར་བཟུང་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། གྷན་དྷི་མན་ཌ་ལའི་གསེར་གྱི་གཟེངས་རྟགས་ནི་དེ་སྔོན་བདག་ཉིད་ཆེན་མོ་གྷན་དྷི་མཆོག་སྐུ་འཁྲུངས་ནས་ལོ་ངོ་༡༥༠འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་ཚོགས་པ་དེ་ཉིད་ནས་ཐོག་མ་འགོ་འཛུགས་གནང་བ་ཞིག་ཡིན་འདུག་པ་མ་ཟད། གཟེངས་རྟགས་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། གོ་ལ་ཁྱོན་ཡོངས་ནང་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐབ་ཐང་སོགས་གོང་འཕེལ་གཏོང་རྒྱུ་སོགས་་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎