༸གོང་ས་མཆོག་ཨ་རི་དང་ཁེ་ན་ཌར་ཆིབས་བསྒྱུར།
2009.09.21
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ན་ཌའི་ནང་ཆིབས་བསྒྱུར་བསྐྱངས་ཕྱིར་བཞུགས་སྒར་ནས་ཆིབས་བསྒྱུར་གནང་ཡོད་པ་རེད།
ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་གསུམ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་དང་ཁེ་ན་ཌའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་དབུ་འཛུགས་གནང་གི་ཡོད་ཅིང་ཕྱི་ཚེས་ཉི་ཤུ་གསུམ་ཉིན་ཨ་རིའི་ཀྲེ་ན་སི་མངའ་སྡེའི་ནང་ཡོད་པའི་རྒྱལ་སྤྱིའི་སྤྱི་དམངས་ཐོབ་ཐང་འགྲེམས་སྟོན་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་འབུལ་བཞེས་གནང་གི་ཡོད་པ་དང་འགྲེམས་སྟོན་ཁང་དེའི་འགན་འཛིན་ནས་འགྲེམས་སྟོན་ཁང་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་བྱེད་ཡས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་དེ་མིན་འཛམ་གླིང་ས་ཁུལ་གཞན་དུ་གདུག་སྦྱོང་མནར་གཅོད་འོག་གནས་པའི་སྐྱེ་བོ་ཀུན་གྱི་དཀའ་སྡུག་སེལ་ཐབས་སུ་གཡོ་བ་མེད་པའི་ལྷག་བསམ་ཐུགས་སྐྱེད་ལ་གུས་བཀུར་ཞུས་རྒྱུ་མཚོན་གྱི་ཡོད་པ་ཅེས་གསུང་ཡོད་པ་དང་འབྲེལ་དེ་ནི་ཨ་རིའི་ནང་གི་སྙན་གྲགས་ཅན་གྱི་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་པ་མའར་ཊིན་ལུ་ཐར་ཀིང་དང་དེ་བཞིན་རྒྱ་གར་གྱི་མེས་པོ་དམ་པ་གེན་རྡ་ཡིས་ཞི་བའི་ཐབས་ལམ་ཐོག་ནས་ཐོབ་ཐང་རྩོད་ལེན་གྱི་བཞེངས་ཕྱོགས་དང་གཅིག་མཚུངས་འཛིན་གནང་གི་ཡོད་པར་བརྟེན་ནས་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་བཞེས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མངའ་སྡེའི་གྲོང་ཁྱེར་མེམ་ཕི་སི་ནང་ཞི་བདེ་དང་བདེ་སྐྱིད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་འཆར་ཡོད་པ་དང་ཕྱི་ཚེས་ཉི་ཤུ་ལྔ་ནས་ཉི་ཤུ་དྲུག་ཉིན་གྲངས་གཉིས་རིང་ཨ་རིའི་ཀེ་ལི་ཕོ་ནི་ཡ་མངའ་སྡེའི་ལོང་སྦི་ཆི་མངའ་ཁུལ་དུ་ཡོད་པའི་དགའ་ལྡན་ཆོས་གླིང་བོད་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བདེན་པ་བཞིའི་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད། ཕྱི་ཚེས་ཉི་ཤུ་བདུན་ནས་ཉི་ཤུ་དགུ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌར་ཆིབས་བསྒྱུར་གྱིས་ཏཱ་ལའི་བླ་མ་མཆོག་གི་ཞི་བདེ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ལྦེན་ཁུའུ་ལྦར་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཆེས་མཐོའི་ལྷན་ཚོགས་ཤིག་གཙོ་སྐྱོངས་གནང་གི་ཡོད་པའི་ཐོག་ཆིབས་བསྒྱུར་གནང་གི་ཡོད་པ་དང་དེ་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་སུམ་ཅུ་ནས་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་གྲངས་གཉིས་རིང་ཁེལ་ག་རཱི་མཐོ་སློབ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སློབ་གྲྭ་དེའི་ནང་མང་ཚོགས་བཀའ་སློབ་དང་གསུང་ཆོས་གནང་འཆར་ཡོད་པ་མ་ཟད་ཁེ་ན་ཌའི་མོན་ཊི་རི་འོལ་དང་ཁེ་སྦེཁ་ས་གནས་གཉིས་ནང་ལ་ཡང་བློ་སྦྱོང་དང་སྙིང་རྗེའི་ནུས་མཐུའི་སྐོར་མང་ཚོགས་སུ་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་ཅིང་དེ་རྗེས་༸གོང་ས་མཆོག་བསྐྱར་དུ་ཨ་རིའི་ནང་ཆིབས་བསྒྱུར་གྱིས་གྲོང་ཁྱེར་ནིའུ་ཡོག་ཏུ་དུས་རབས་ཉི་ཤུ་རྩ་གཅིག་གི་འཛམ་གླིང་མི་མང་ཚོའི་ཤེས་ཡོན་སྤྲོད་སྟངས་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུའི་མཛད་འཆར་དང་ཕྱི་ཟླ་བཅུ་པའི་ཚེས་བཅུ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རི་དང་ཁེ་ན་ཌའི་ནང་གི་མཛད་འཆར་མཐའ་མ་དེ་བཞིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་གཅེས་སྐྱོང་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སེམས་བཅོས་པ་སྟེ་དེང་རབས་ཀྱི་འཛམ་གླིང་ནང་ཤེས་རབས་འཚོལ་བ་ཞེ་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འཆར་ཡོད་པ་རེད།