༸གོང་ས་མཆོག་མ་འོངས་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱང་རྒྱུའི་གསོལ་འདེབས་ཞུས་ཡོད་པ།
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པེ་རེམ་སིང་རྟ་མང་Prem Singh Tamangམཆོག་གི་བཀོད་ཁྱབ་ལམ་སྟོན་འོག་མངའ་སྡེའི་དགོན་གནས་བློན་ཆེན་བསོད་ནམས་བླ་མ་མཆོག་གི་གཙོས་པའི་སྐུ་ཚབ་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་འདི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་གྱི་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁའི་ཐོག་དགོན་གནས་བློན་ཆེན་བསོད་ནམས་བླ་མ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མགོན་པོ་མཆོག་འདི་ལོར་འབྲས་ལྗོངས་སུ་ཞབས་སོར་བཀའ་དྲིན་བསྐྱང་རྒྱུའི་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་མགོན་པོ་གང་ཉིད་མཆོག་ནས་མ་འོངས་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ། དགོན་གནས་བློན་ཆེན་བསོད་ནམས་བླ་མ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་བྱུང་།
ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངོ་དེབ་སྟེང་། ངོས་ཀྱི་འབྲས་ལྗོངས་མི་མང་ཡོང་གི་ཚབ་ཞུས་ཏེ་མངའ་སྡེའི་དགོན་གནས་བློན་ཆེན་མཆོག་ཆེད་མངགས་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་དང་མགོན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་འཇུག་དུ་འབྲས་ལྗོངས་སུ་ཞབས་སོར་བཀའ་དྲིན་བསྐྱང་རྒྱུའི་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་མགོན་པོ་གང་ཉིད་མཆོག་ནས་ཀྱང་མ་འོངས་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པས། ངོས་རང་ལ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། མགོན་པོ་མཆོག་འདི་གར་མངའ་སྡེའི་ནང་སྐུ་དངོས་སུ་ཞབས་སོར་འཁོད་པ་ཙམ་གྱིས་དད་ལྡན་མི་མང་ཡོངས་ལ་བྱིན་རླབས་ཞུ་རྒྱུའི་དམིགས་བསལ་གྱི་གོ་སྐབས་ཤིག་རེད་ཅེས་བཀོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ད་བར་ཆིབས་སྒྱུར་ཐེངས་བདུན་བསྐྱངས་ཡོད་ཅིང་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་སྐུ་བལྟམས་ནས་ལོ་ ༢༥༠༠ འཁོར་བའི་དུས་སྟོན་སྐབས་འབྲས་ལྗོངས་བརྒྱུད་རྒྱ་གར་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།