༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐེངས་༢༦ ཐོག་གསུང་འཕྲིན་བསྩལ་བ།

2021.10.29
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐེངས་༢༦ ཐོག་གསུང་འཕྲིན་བསྩལ་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་གཏོར་སྐྱོན་གྱིས་གོད་ཆག་ལས་བསླབ་བྱ་བླངས་ཏེ་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
དགའ་ལྡན་ཕོ་བྲང་།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ཐེངས ༢༦ ཐོག་གསུང་འཕྲིན་བསྩལ་བའི་ནང་། ཁོར་ཡུག་གཏོར་སྐྱོན་གྱིས་གོད་ཆག་ལས་བསླབ་བྱ་བླངས་ཏེ་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་བསྩལ་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༡༢ བར་དབྱིན་ཡུལ་གྱི་མངའ་ཁོངས་སིཀོཊ་ལེན་གྱི་གྲོང་ཁྱེར་གྷ་ལ་སི་ཀོ་རུ་ COP26 ཞེས་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ པ་འཚོགས་གི་ཡོད་པ་དང་བསྟུན། ཕྱི་ཚེས་ ༢༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་རྐྱེན་གྱིས་གོ་ལའི་ཚ་དྲོད་འཕེལ་ཏེ་གནས་སྟངས་ཛ་དྲག་ཆགས་པའི་ཉམས་མྱོང་ལས་ང་ཚོས་བསླབ་བྱ་བླངས་ཏེ་མ་འོངས་པར་ཁོར་ཡུག་ལ་དོ་སྣང་ཤུགས་ཆེ་བྱེད་དགོས་པ་དང་། མ་འོངས་གནས་སྟངས་ཇི་འདྲ་ཞིག་ཏུ་གྱུར་མིན་ང་ཚོའི་ལག་པར་ཡོད་རེད་ཅེས་གསུང་འཕྲིན་བསྩལ་བའི་ནང་བཀའ་སློབ་གནང་ཡོད་པ་རེད།


༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནི་མ་མཐར་ཡང་ཨེ་ཤེ་ཡའི་གླིང་ཕྲན་གྱི་ཆུའི་འབྱུང་ཁུངས་ལྟེ་བ་དེ་ཡིན་པ། དཔེར་ན་པ་ཀི་སི་ཐན་ནང་གི་སེངྒེ་གཙང་པོ་ནས་བཟུང་སྟེ། རྒྱ་གར་གྱི་ཆུ་མོ་གངྒ་དང་ཡར་ཀླུང་གཙང་པོ། རྒྱ་ནག་ཏུ་རྒྱུགས་པའི་རྨ་ཆུ། ཝིཏི་ནམ་དུ་རྫ་ཆུ་བཅས་རྒྱུགས་ཆུ་ཆེ་ཁག་ཚང་མའི་འབྱུང་ཁུངས་བོད་ལ་ཐུག་ཡོད་པས། ང་ཚོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་དོ་སྣང་ཆེ་ཙམ་བྱེད་དགོས་པ་འདི་ནི། བོད་མི་ས་ཡ་ ༦ ནས་ ༧ བར་ཡོད་པ་དེ་དག་རྐྱང་པའི་དོན་དུ་མ་ཡིན་པར། ཨེ་ཤ་ཡའི་ས་ཁུལ་དེ་དག་གི་མི་ཡོངས་རྫོགས་ཀྱི་ཆེད་དུ་ཡིན་པ་བཀའ་གནང་བ་དང་། དུས་རབས་ཀྱི་འཕེལ་འགྱུར་ཁྲོད་འཕྲུལ་རིག་ལ་བརྟེན་ནས་ཟླ་བ་དང་གོ་ལ་གཞན་གྱི་སྒང་ལ་འགྲོ་ཐུབ་ཀྱང་ཡུན་རིང་འཚོ་གནས་བྱེད་ཐུབ་པ་ཁག་པོ་ཡིན་པ་ང་ཚོས་ཧ་ལམ་ཤེས་རྟོགས་ཐུབ་ངེས་ཡིན་པས་ས་ཡི་གོ་ལ་འདི་ང་ཚོའི་ཁྱིམ་གཞིས་གཅིག་པུ་འདི་ཆགས་ཀྱི་ཡོད་སྟབས་འདི་ལ་བདག་པོ་ཡག་པོ་རྒྱག་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་ཕེབས་ཡོད་པ་རེད།
ཐེངས་འདིའི་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ སྟེང་རྒྱལ་ཁབ་ ༡༩༠ ཙམ་མཉམ་ཞུགས་གནང་གི་ཡོད་པ་དང་། ཚོགས་འདུ་དང་འབྲེལ་ནས་གཙོ་བོ་རྒྱལ་ཁབ་སོ་སོའི་ཁ་རླུང་འབག་གཙོག་ཉུང་འཕྲི་ཇི་ལྟར་གཏོང་རྒྱུའི་འཆར་གཞི་དང་། ཕྱི་ལོ་༢༠༡༥ལོའི་པེ་རི་སིའི་གྲོས་མཐུན་ནང་སའི་གོ་ལའི་ཚ་དྲོད་སེལ་ཤེས་ཌིག་རི་ ༡.༥ ལས་མ་བརྒལ་བའི་ཐོག་མཉམ་ལས་གནང་རྒྱུའི་ཐག་གཅོད་དེ་གང་འདྲ་བྱས་ཏེ་ལག་བསྟར་བྱ་རྒྱུའི་སྐོར་སོགས་གྲོས་མོལ་གནང་གི་ཡོད་པ་རེད།།

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎